Donate

ཆུའི་གནད་དོན་གྱིས་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་གནོན་ཤུགས་དང་དཀའ་ངལ་བཟོ་བཞིན་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་བེད་སྤྱད་ནས་ཆུ་བོ་འབབ་ཡུལ་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་གནོན་ཤུགས་དང་དཀའ་ངལ་འཕར་མ་བཟོ་བཞིན་འདུག ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གིས་བོད་ཀྱི་ཆུ་བོ་ཆེ་ཁག་ལ་སྟངས་འཛིན་གྱིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་དེ་ཆུའི་འབབ་ཡུལ་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་གནོན་ཤུགས་དང་དཀའ་ངལ་བསྟུད་མར་སྤྲོད་བཞིན་པའི་ཁར་། ད་ཆ་གཙང་ཆུའི་བཞུར་ཚད་དང་། རྒྱ་ཆེ་ཆུང་དེ་བཞིན་གཙང་ཆུའི་ཁ་ཕྱོགས་ལ་སོགས་པའི་གནས་ཚུལ་སྦ་གསང་བྱས་ཏེ་སླར་ཡང་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་དཀའ་ངལ་འཕར་མ་བཟོ་བཞིན་ཡོད་འདུག
དེ་ཡང་ (New Vision) ཞེས་པའི་ (Uganda) རྒྱལ་ཁབ་ཀྱི་ཉིན་རེའི་གསར་ཤོག་ཐོག་ཚེས་ ༡༡ ཉིན། རྒྱ་གར་གྱི་བདེ་འཇགས་གནད་དོན་དབྱེ་ཞིབ་པ་སྐུ་ཞབས་ (Brahma Chellaney) ལགས་ཀྱིས། རྒྱ་ནག་གཞུང་ནས་བོད་ཀྱི་ཆུ་བོ་དེ་དག་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་དེ་ཨེ་ཤེ་ཡའི་ཁུལ་དུ་དཀའ་ངལ་དང་རྙོག་གླེང་ཇི་ལྟར་བཟོ་བཞིན་ཡོད་པའི་སྐོར་དཔྱད་རྩོམ་ཞིག་སྤེལ་འདུག
སྐུ་ཞབས་ (Chelleney) ལགས་ཀྱིས། རྒྱ་ནག་གིས་བོད་དང་། གཞན་རྒྱ་ནག་ནང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་བཙན་བཟུང་བྱས་པའི་རྗེས་ད་ཆ་རྒྱ་ནག་འདི་བཞིན་འཛམ་གླིང་ཐོག་ཆུའི་ནུས་ཤུགས་ཀྱི་ཐད་ནས་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་རྩོད་མེད་ཆགས་ཡོད་པ་དང་། ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་ནས་བོད་ཀྱི་ཆུ་བོ་ཆེ་ཁག་སྟེང་ཆུ་ཤུགས་གློག་ཁང་དང་། ཆུ་རགས་འཛུགས་བསྐྲུན། དེ་བཞིན་ཆུ་ཁ་བསྒྱུར་གྱི་ལས་གྲ་རྒྱ་ཆེར་སྤེལ་ཏེ་ཆུའི་གཤམ་འོག་ཏུ་གནས་པའི་ཨེ་ཤེ་ཡའི་ཡུལ་ཁག་དང་། ལྷག་པར་དུ་ (Mekong) རྫ་ཆུའི་འབབ་རྒྱུན་ (Vietnam) དང་། (Burma) (Lao) ལ་སོགས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཆབ་སྲིད་དང་དཔལ་འབྱོར་གཉིས་ཐད་ནས་རྒྱ་ནག་ལ་མ་བསྟུན་ཐབས་མེད་ཀྱི་གནོན་ཤུགས་སྤྲོད་བཞིན་ཡོད་འདུག
གོང་གསལ་དཔྱད་རྩོམ་ནང་གསལ་བར། རྒྱ་ནག་གཞུང་ནས་ཆུ་བེད་སྤྱོད་བྱ་ཕྱོགས་ཐད། ད་ཕན་ཨེ་ཤི་ཡའི་རྒྱལ་ཁབ་གཅིག་གི་མཉམ་དུ་ཡང་གྲོས་མཐུན་བཞག་མེད་ཀྱང་ཆུ་རྒྱུག་ཡུལ་རྒྱལ་ཁབ་ཁག་ནང་། ཆུ་ལོག་གི་རྐྱེན་ངན་འགོག་ཐབས་དང་། དེ་བཞིན་ཞིང་ལས་ཐོན་སྐྱེད་དང་འབྲེལ་བའི་དབྱར་དུས་ཆར་ཞོད་སྐབས་གཙང་ཆུའི་རྒྱ་ཁྱོན་དང་བཞུར་ཚད། དེ་བཞིན་གཙང་ཆུའི་ཁ་ཕྱོགས་སོགས་ཀྱི་གནས་ཚུལ་སྤེལ་རེས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། འོན་ཀྱང་དོན་དངོས་སུ་ ༢༠༡༧ ལྟ་བུར་མཚོན་ན། རྒྱ་ནག་གཞུང་ནས་རྒྱ་གར་ལ་བོད་ནས་ཐོན་ཏེ་རྒྱ་གར་ནང་འབབ་བཞིན་པའི་གཙང་ཆུའི་གནས་བབ་སྐོར་གྱི་གནས་ཚུལ་བརྗེ་རེས་གཅིག་ཀྱང་མ་བྱས་པའི་རྐྱེན་རྒྱ་གར་ནང་ཆུ་ལོག་ཉེན་སྲུང་གི་སྔོན་བརྡ་གང་ཡང་བྱུང་མེད་པའི་གནས་སྟངས་བཟོས་ཡོད་པའི་སྐོར་སྐུ་ཞབས་ (Brahma Chelleney) ཀྱིས་གསུངས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བོད་སྐད་སྡེ་ཚན་གྱི་དྲ་རྒྱ་ལས་ཕབ་སྒྲིག་བྱས།

ཐེངས་ 42182 བཀླགས་འདུག