Donate

ཇོ་མོ་གླང་མའི་ཉེ་འཁོར་གྱི་འཁྱགས་རོམ་ཞུ་བ་ལས་ཚེ་སྲོག་གི་གཤེད་མར་གྱུར་པའི་མཚོ་གྲུབ་སྲིད་པ།

ཇོ་མོ་གླང་མའི་ཉེ་འཁོར་གྱི་འཁྱགས་རོམ་ཞུ་བ་ལས་ཚེ་སྲོག་གི་གཤེད་མར་གྱུར་པའི་མཚོ་གྲུབ་སྲིད་པ།

རོབས་རྩིས་ལྟར་ན་རྒྱུ་སྐར་འདིའི་སྟེང་གི་འཁྱགས་རོམ་ ༡༩༨‚༠༠༠ ལས་སུམ་ཆའི་གཅིག་ལས་མང་བ་ཧི་མ་ལ་ཡར་གནས་ཡོད། འོན་ཀྱང་། མཐའ་ན་འཛམ་གླིག་གི་རི་རྩེ་མཐོ་ཤོས་བཅུ་ལས་དགུའི་རྟེན་གཞིར་གྱུར་པའི་གྲང་ངར་ཅན་གྱི་འཁྱག་པ་དང་གངས་ཀྱི་ཁྱོན་ཆེན་པོ་དེ་ཡང་གནམ་གཤིས་འགྱུར་ལྡོག་གིས་འཇིག་ཉེན་ལ་གྱར་འདུག ཧི་མ་ལ་ཡའི་འཁྱགས་རོམ་ཧ་ཅང་མང་པོ་ཇེ་ཆུང་དུ་འགྲོ་བཞིན་ཡོད་ཅིང་། གསར་དུ་དཔྱད་ཞིབ་བྱས་པ་ལྟར་ན་ཇོ་མོ་གླང་མའི་ཉེ་འཁོར་གྱི་འཁྱགས་རོམ་ ༣༧ གྱི་མཚོར་ནུབ་པའི་སྣེ་མོའི་འཁྱག་པ་གཤེར་ཁུར་གྱུར་ཚད་སྐམ་སས་བསྐོར་བའི་འཁྱགས་རོམ་ལས་ཆེ་བ་བྱུང་ཡོད་པ་དང་། འཁྱམས་རོམ་ཞུ་ནས་བྱུང་བའི་མཚོ་ཧ་ཅང་མང་པོ་ཞིག་བརྟན་པོ་མེད་པའི་ས་རྡོའི་ཕུང་པོའི་གཏོས་ཆེ་བའི་རྒྱབ་ཏུ་འཁྱིལ་ཡོད་རྐྱེན། དེ་དག་འཐོར་ཞིག་གིས་གཤམ་གྱི་ཡུལ་ལུང་དག་ཏུ་གོད་ཆག་ཆེ་བའི་ཆུའི་འཇིག་པ་ཡོང་སྲིད་པར་བློ་འཚབ་དགོས་པར་ཆགས་ཡོད་པར་གསལ།

ཉམས་ཞིབ་པས་ཇོ་མོ་གླང་མའི་ཉེ་འཁོར་དུ་མཚོ་ནང་དུ་ནུབ་པ་དང་སྐམ་སར་ཡོད་པའི་འཁྱགས་རོམ་གྱི་འབྲི་ཚད་འཇལ་བ།
Researchers measure ice loss in land- and lake-terminating glaciers around Mount Everest.
འདྲ་པར་ཨོ་ཝཱན་ཁིན་ (Owen King) གྱིས་མཐུན་འགྱུར་་གནང་། Image courtesy of Owen King (Science) དྲ་བ་ལས་བླངས།

གངས་ཀྱི་འབབ་ཚད་ཉུང་དུ་སོང་བ་དང་ཆ་སྙོམ་གྱི་རླུང་གི་དྲོ་ཚད་མཐོ་བས་རྐྱེན་གྱིས་གཏན་འཇགས་ཀྱི་འཁྱག་པ་ཞུ་བཞིན་པ་སོགས་ཀྱིས་ཧི་མ་ལ་ཡའི་འཁྱག་པའི་བོངས་ཚད་ཇེ་ཆུང་དུ་འགྲོ་བཞིན་ཡོད་སྐོར་གོང་གི་དཔྱད་ཞིབ་དེར་འཁོད་འདུག  “ཡུལ་ལྗོང་དེ་ཉིད་མཚོ་དང་མཚེའུ་གོང་འཕེལ་བྱེད་ས་གཙོ་བོ་ཞིག་རེད་” ཅེས་དཔྱད་ཞིབ་དེའི་སྣེ་འཁྲིད་མཁན་ཨིན་ཡུལ་གྱི་ལཱིའི་རྫི་ (Leeds) གཙུག་ལག་སློབ་གྲྭའི་འཁྱགས་རོམ་རིག་པ་བ་ཨོ་ཝཱན་ཁིན་ (Owen King)  གྱིས་གསུངས།

          ཁ་ན་ཌའི་ (Saskatchewan in Saskatoon) གཙུག་ལག་སློབ་གྲྭའི་རླན་གཤེར་རིག་པ་བ་ཇཱོ་སི་ཧྥི་ ཤཱེ་ཡ་ (Joseph Shea) ལགས་ཀྱིས་བཞེད་ཚུལ་ལྟར་ན་འཁྱགས་རོམ་ཞུ་བ་དང་མཚོ་ཆེ་རུ་ཕྱིན་ནས་ཆུ་ལོག་གི་གོད་ཆག་ཡོང་བའི་ཉེན་ཁ་ཆེ་རུ་གཏོང་གི་ཡོད་པ་ནི་མཚོ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཆུ་མཛོད་སོགས་འཐོར་ཞིག་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ཡིན་འདུག

          གནས་ཚུལ་དེ་འདྲ་ནི་ ༡༩༨༥ ལོར་བལ་ཡུལ་ཤར་ཕྱོགས་དྷིག་ཋི་ཤཱོ་ (Dig Tsho) ས་གནས་ཀྱི་འཁྱམས་རོམ་གྱིས་བསྐོར་བའི་མཚོ་ཞིག་བརྡོལ་ཏེ་གྷེ་ཐ་ (Ghat) གྲོང་སྡེ་སོགས་སུ་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་ཞིང་། ཆུ་ལོག་དེས་སྡོད་ཁང་དང་། ཟམ་པ། རླན་གཤེར་སྐོར་གྱི་བཟོ་ལས་འཕྲུལ་འཁོར་རྟེན་གཞི་གསར་པ་སོགས་གཏོར་སྐྱོན་བཏང་བ་རེད།

          རྐྱེན་ངན་གོད་ཆག་དེ་འདྲ་ལས་གཡོལ་ཕྱིར་བལ་ཡུལ་གཞུང་གིས་འདི་ལོར། འཁྱགས་རོམ་ཞུ་བ་ལས་བྱུང་ཞིང་ལུང་པ་དེའི་ནང་གི་ཇེ་ཆེར་འགྲོ་མགྱོགས་ཤོས་ཀྱི་མཚོ་ཨཱིམ་ཇ་ཤཱོ་ (Imja Tsho) ཞེས་པའི་ལས་ཆུ་འཐེན་ནས་ཕྱེད་ཙམ་ཉུང་དུ་བཏང་ཡོད་པ་རེད། མཚོ་འདིའི་ཆུ་རྣམས་ཉེ་འཁོར་གྱི་ས་ཡིས་འཇིབ་སྟེ་རི་ཉིལ་སྲིད་པ་དང་།  ཡང་གངས་རུད་སམ་འཁྱག་རུད་ཆེན་པོ་དེ་འདྲ་གཡང་གཟར་ནས་མཚོ་ནང་དུ་བརྒྱུགས་ཏེ་ཆུ་རླབས་ཆེན་པོ་བྱུང་ནས་གཤམ་གྱི་གྲོང་པར་གནོས་སྲིད་པ་སོགས་ཆེད་ལས་ཚན་རིག་པས་ཉེན་བརྡ་བཏང་འདུག དེའི་སྐོར་གྱི་དྲ་ཐག་ http://glacierhub.org/2014/10/22/as-glaciers-melt-a-lake-in-nepal-fills-up/

 དེང་སང་ཁིན་ (King) དང་ཁོང་གི་ཕྱག་སྦྲེལ་ལས་རོགས་ཚོས་འཕྲུལ་སྐར་གྱི་གནས་བསྡུས་དཔྱད་གཞི་ལ་བརྟེན་ནས་བོད་དང་བལ་ཡུལ་གྱི་འཁྱགས་རོམ་སྣེ་མོ་མཚོ་ནང་དུ་ཡོད་པ་དགུ་དང་། སྣེ་མོ་སྐམ་སར་ཡོད་པའི་འཁྱགས་རོམ་ ༢༣ ལ་ལོ་བཅོ་ལྔའི་ནང་འགྱུར་བ་ཇི་སོང་འཕྲུལ་སྐར་ལས་བྱུང་བའི་འཁྱགས་རོམ་གྱི་པར་རིས་ ༢༠༠༠ ནས་ ༢༠༡༥ ཙམ་ལ་དཔྱད་ཞིབ་བྱས་པ་དང་། ཁོང་ཚོས་འཁྱག་པ་རྣམས་འཁྱགས་རོམ་གྱི་ཁུལ་དང་། འཁྱགས་རོམ་གྱི་རྩེ་མོའི་བར་གྱི་གཤེར་ཁུར་འགྱུར་ཚད་ལ་དཔྱད་སྡུར་བྱས་ཏེ་ཤེས་རྟོག་བྱུང་བ་ལྟར། མཚོ་ནང་དུ་ཡོད་པའི་འཁྱགས་རོམ་རྣམས་བརྒྱ་ཆ་ ༣༢ ཙམ་གྱིས་སྐམ་སར་ཡོད་པའི་སྣེ་མོ་ལས་ཞུ་མགྱོགས་པ་ཡོད་སྐོར་འདི་ཟླའི་ནང་ (The Cryosphere) སྙན་ཐོ་ཕུལ་འདུག ད་དུང་སྣེ་མོ་ཆུར་ནུབ་ཡོད་པའི་འཁྱགས་རོམ་རྣམས་སྐམ་སར་ཡོད་པའི་འཁྱགས་རོམ་ལས་ཆེས་མང་བར་མཐོ་ཚད་དམའ་རུ་འགྲོ་བ་དང་གཏོས་ཚད་ཆུང་དུ་འགྲོ་བཞིན་ཡོད་འདུག

          ཁིན་གྱི་ཚན་པས་མཚོ་ནང་གི་འཁྱགས་རོམ་རྣམས་འོག་གི་ཆ་ནས་ཆུ་ནང་དུ་རིམ་པས་འཛད་འགྲོ་བ་ཞིང་། རྒྱུད་རིམ་དེ་ལ་བརྟེན་ནས་འཁྱགས་པ་རྣམས་མེད་པར་གྱུར་སྲིད་སྙམ་གྱི་ཡོད་འདུག་ཀྱང་། རྒྱུ་མཚན་གང་ལ་བརྟེན་ནས་མཚོར་ནུབ་པའི་འཁྱགས་རོམ་རྣམས་སྐམ་སར་ཡོད་པ་རྣམས་ལས་མགྱོགས་པར་བཞུར་འགྲོ་བ་ད་དུང་གསལ་པོ་ཆགས་མེད་ཅེས།” གོང་གི་དཔྱད་ཞིབ་གནང་མཁན་གྱི་གྲལ་དུ་མེད་པ་ (French National Research Institute for Sustainable Development in Marseille) ཡི་ཧྥི་རན་སིའི་རླན་གཤེར་རིག་པ་བ་ཕཱ་ཋི་རིག་ཝ་གྷོང་ (Patrick Wagnon) གྱིས་དོགས་འདྲི་གནང་འདུག་པ་དང་།  ཚན་རིག་པ་གཞན་གྱིས་ཀྱང་གནས་དོན་དེ་ད་དུང་གཏན་འཁེལ་བྱུང་མེད་ཚུལ་བརྗོད་བཞིན་མཆིས།

          ཉེ་ཆར་ཁིན་དང་ཁོང་གི་ཕྱག་སྦྲེལ་ལས་རོགས་རྣམས་ཇོ་མོ་གླང་མའི་རི་རྒྱུད་དུ་འཁྱམས་རོམ་ཞུ་བ་ལས་བྱུང་བའི་མཚེའུ་ཡིས་འཁྱགས་རོམ་ལ་ཤུགས་རྐྱེན་གང་འདྲ་ཐེབ་ཀྱི་ཡོད་མེད་ལྟ་བའི་རྟོག་ཞིབ་འགྲུལ་བཞུད་ཅིག་ལས་ཕྱིར་ཕེབས་ཡོད་པ་དང་། ཉམས་ཞིབ་པ་དེ་དག་གིས་ ༡༩༧༠ ཙམ་ནས་འཕྲུལ་སྐར་གྱི་བླངས་པའི་པར་རིས་ལ་བརྟེན་ནས་དུས་ཡུན་རིང་པོའི་ནང་ཧི་མ་ལ་ཡའི་རི་རྒྱུད་དུ་འགྱུར་ལྡོག་ཇི་སོང་ལ་དཔྱད་ཞིབ་གནང་རྩིས་ཡོད་པ་རེད་འདུག

ཚན་རིག (Science) དྲ་བ་དང་། འཁྱགས་རོམ་གྱི་ལྟེ་བ། (Glacier Hub) སོགས་ཀྱི་དྲ་གནས་ལས་སྒྱུར་སྒྲིག་བྱས།

ཐེངས་ 42422 བཀླགས་འདུག