Donate

ཉ་ཆེན་རིགས་ངོ་སྤྲོད།

རྒྱ་མཚོའི་ཉ་ཆེན་ཌོལ་ཕེན་ནི་རྒྱ་མཚོའི་ནང་འོ་འཐུང་གཤེར་གནས་སྲོག་ཆགས་ཉ་རིགས་ཤིག་ཡིན་ཞིང༌། སྲོག་ཆགས་འདི་ལ་ནང་གསེས་རིགས་མི་འདྲ་བ་ ༣༢ ཙམ་ཡོད་ཅིང༌། སྲོག་ཆགས་འདིའི་སྤྱིའི་རིང་ཚད་ལ་མི་ཊར་ ༡་༥ ནས་ ༢་༧ བར་ཡོད་པ་དང༌། ཆེ་ཤོས་རིགས་ལ་མི་ཊར་ ༤ ལྷག་ཙམ་དང༌། ཆེས་ཆེ་ཤོས་ལ་མི་ཊར་ ༩ ཙམ་ཡོད་པ་ཡོང་གི་ཡོད། སྲོག་ཆགས་འདིའི་མཆུ་ཏོ་ཆེས་རིང་པོ་ཡོད།

ཉ་ཆེན་རིགས།ཉ་ཆེན་ཌོལ་ཕེན་མཆོང་རྩལ་དང་ཆུ་རྐྱལ། འཁྲབ་སྟོན་སོགས་ལ་ཆེས་མཁས་ཞིང༌། ཌོལ་ཕེན་ནི་མཚམས་རེ་རྒྱ་མཚོའི་ཆུ་སྒང་ལ་མཐོ་ཚད་མི་ཊར་གཅིག་ལྷག་མཆོང་ཐུབ། སྲོག་ཆགས་འདིའི་ལུས་ཀྱི་སྣུམ་དང་ཤ་སོགས་ཁྲོམ་རྭར་འགྲོ་རྒྱུག་ཆེ་བའི་ཆེས་མང་པོ་གསོད་ཀྱི་ཡོད།

རྒྱ་ནག་རྒྱ་མཚོའི་ནང་གནས་པའི་ཌོལ་ཕེན་དཀར་པོ་ནི་སྟོངས་ལ་ཉེ་བ་ཡིན་པས། ད་ལྟ་གྲངས་འབོར་ ༡༢༠ ཙམ་ལས་མེད་པ་དང༌། དེ་ནི་རྔོན་རྒྱག་དང་འཚོ་གནས་ཀྱི་ཁོར་ཡུག་ཆུང་དུ་འགྲོ་ཡི་ཡོད་པ་སོགས་ཀྱི་རྐྱེན་པས་ཡིན།

ཌོལ་ཕེན་ལུས་ཀྱི་སྣུམ་ནི་རིན་ཐང་ཆེ་ཞིང་སྨན་རྫས་ནང་བེད་སྤྱོད་བྱེད་ཀྱི་ཡོད་པ་དང༌། ལྷག་པར་དུ་ལྷོ་ཨེ་ཤི་ཡ་ཁུལ་གྱི་རྒྱུག་ཆུ་དང་མཚོ་ནང་གནས་པའི་སྲོག་ཆགས་འདི་ཆེས་རྔོན་རྒྱག་བྱས་དྲགས་པས་སྟོངས་ལ་ཉེ་བའི་གནས་སུ་གྱུར་ཡོད། ཌོལ་ཕེན་ཆེ་བ་རིགས་ལ་སྤྱི་རྒྱ་ ༡༠༠ ལྷག་ཙམ་ཡོང་གི་ཡོད་ལ། སྲོག་ཆགས་འདི་དང་རིགས་འདྲ་བའི་ཉ་ཆེན་ཤཀ་དང་ཝེལ་སོགས་ཡོད་ཅིང༌། ཤཀ་ཟེར་བའི་སྲོག་ཆགས་འདི་ལ་ནང་གསེས་རིགས་མི་འདྲ་ ༣༦༠ ཙམ་ཡོད་པ་དང༌། ཚོས་གཞི་ཡང་མི་འདྲ་བ་ཁ་ཤས་ཡོད།

ཤཀ་ནང་ནས་རིགས་འགའ་ཤས་ཀྱིས་མི་ལ་གནོད་འཚེ་བྱེད་ཅིང༌། དེ་ནི་ཤཀ་དཀར་པོ་དང༌། ཤཀ་སྔོན་པོ། སྟག་ཤཀ་སོགས་ཡིན། སྲོག་ཆགས་འདི་ཚོས་མི་ལ་གནོད་འཚེ་བྱེད་དུས་མིའི་ཚེ་སྲོག་ཤོར་རྒྱུ་ཉེན་ཁ་ཆེས་ཆེན་པོ་ཡོད། སྲོག་ཆགས་འདི་རིགས་མང་ཆེ་བ་རྒྱ་མཚོ་དང་ཆུ་ཕྲན་སོགས་ནང་འཚོ་གནས་བྱེད་ཅིང༌། ཨེ་ཤི་ཡའི་ཁུལ་དུ་སྲོག་ཆགས་འདིའི་ཤ་ཁ་ཟས་ཆེད་འགྲོ་རྒྱུགས་ཆེན་པོ་ཡོད་པ་དང༌། ད་དུང་ཤཀ་གི་གཤོག་པ་སྨན་རྫས་ནང་འགྲོ་ཡི་ཡོད་པས། གསོད་བཟུང་མང་པོ་བྱེད་ཀྱི་ཡོད་པ་རེད།

ཝལ་ཤཀ་ཟེར་བའི་ཉ་འདི་ཡང་ཤཀ་གི་ནང་གསེས་རིགས་ཤིག་ཡིན་པས། དེ་ནི་ཉ་རིགས་ནང་ནས་ཆེས་ཆེ་ཤོས་སུ་བརྩི་ཡི་ཡོད་པས་རིང་ཚད་ལ་མི་ཊར་ ༡༥ དང་ལྗིད་ཚད་ལ་སྤྱི་རྒྱ་ཆིག་ཁྲི་བརྒྱད་སྟོང་ཙམ་ཡོད་འདུག ཁའི་ནང་རྣོ་ངར་ལྡན་པའི་སོ་ཞིབ་དང༌། ལུས་རྒྱབ་ལ་དཀར་ཐིག་གིས་གཡོག་ཡོད།

ཟས་སུ་གཙོ་བོ་ཉ་གཙོས་པའི་ཆུ་གནས་སྲོག་ཆགས་འདྲ་མིན་བཟའ་ཡི་ཡོད་པ་དང༌། འདིས་མི་ལ་གནོད་འཚེ་མི་བྱེད་ཅིང༌། ཉ་འདི་ཁ་ཟས་ཆེད་རྔོན་རྒྱག་མང་དྲགས་པས་ཕྱི་ལོ་ ༢༠༠༢ ལོར་སྟོངས་ལ་ཉེ་བའི་སྐྱེ་དངོས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་བཀག་སྡོམ་ཁྲིམས་ཡིག་ནང་སྲུང་སྐྱོབ་ཀྱི་གྲས་སུ་བཞག་ཡོད་པ་རེད། སྤྱིར་ཉ་རིགས་དང་ལྷག་པར་དུ་ཤཀ་གི་ཤ་ནི་ཨེ་ཤི་ཡའི་ཁྲོམ་རྭར་འགྲོ་རྒྱུག་ཆེན་པོ་ཡོད་པ་རེད།

ཉ་ཆེན་ཝེལ་ནི་ཆུ་གནས་འོ་འཐུང་སྲོག་ཆགས་རིགས་ཤིག་ཡིན་པ་དང༌། འདི་ནི་གདོད་མའི་སྲོག་ཆགས་རིགས་ཤིག་ཡིན་པར་འདོད། སྲོག་ཆགས་འདི་ལ་ནང་གསེས་རིགས་མི་འདྲ་བ་ ༧༩ ཙམ་ཡོད་ཅིང༌། ཉ་གཞན་དང་མི་འདྲ་བ་རྐང་ལག་བཞི་ལྡན་ཡོད་པ་ནི་ཉ་འདིའི་ཁྱད་ཆོས་གཙོ་བོ་དེ་ཡིན་ཞིང༌། ཆུ་སྲམ་དང་འདྲ་པོ་ཡོད་པར་བཤད། ཉ་འདིའི་གཟུགས་དབྱིབས་ཆུང་བ་ལ་རིང་ཐུང་མི་ཊར་ ༤ དང༌། ཆེ་བ་ལ་མི་ཊར་ ༡༨ ཙམ་ཡོད།

ཆེས་ཆེ་བ་ལ་རིང་ཐུང་མི་ཊར་ ༣༠ ཙམ་དང༌། ལྗིད་ཚད་ལ་སྤྱི་རྒྱ་ཆིག་ཁྲི་དགུ་སྟོང་ཙམ་ཡོད། སྲོག་ཆགས་འདི་མངལ་སྦྲུམ་གྱི་དུས་ཡུན་ནི་ཟླ་ ༦ ནས་ ༡༦ བར་ཡིན་ཞིང༌། སྐྱེ་འཕེལ་བྱེད་སྟངས་མངལ་སྐྱེས་ཡིན། ཕྲུ་གུ་དང་སྐྱེ་དུས་ལྗིད་ཚད་ལ་ཊོན་གཅིག་ལྷག་ཙམ་ཡོད། འོ་མ་ཆེས་མང་པོ་ཡོད་པས་ཕྲུ་གུ་ཚར་ལོངས་མགྱོགས་པོ་དང༌། ཉ་འདིའི་ཚེ་ཚད་ཆེས་རིང་པོ་ཡོད་པས། ལོ་ ༣༠ ནས་ ༥༠ བར་འཚོ་གནས་ཐུབ།

འགའ་ཤས་ལོ་ ༨༠ ཙམ་འཚོ་གནས་ཐུབ་པ་ཡོང་གི་ཡོད། ཝེལ་ཉ་ཆེན་ནི་མི་དང་སྲོག་ཆགས་གཞན་གྱིས་ཁ་ཟས་ཆེད་རྔོན་རྒྱག་བྱས་མང་དྲགས་པས་སྟོངས་ལ་ཉེ་བའི་གནས་སུ་གྱར་ཡོད། སྲོག་ཆགས་འདིའི་ཤ་ཁྲོམ་རྭའི་ཐོག་འགྲོ་རྒྱུག་ཆེན་པོ་དང་རིན་ཐང་ཆེས་ཆེ་བས། རྒྱལ་སྤྱིའི་ནང་སྲུང་སྐྱོབ་ཀྱི་གྲས་སུ་ཡོད་པ་རེད། ཉ་འདི་སྲུང་སྐྱོབ་ཆེད་དུ་སྲུང་སྐྱོབ་ཚོགས་པ་ཡང་བཙུགས་ཡོད་པ་རེད།

སྤྱིར་ཉ་རིགས་མང་ཆེ་བ་མིའི་ཁ་ཟས་ལ་བེད་སྤྱོད་དགོས་མཁོ་ཆེན་པོ་ཡོད་པ་མ་ཟད། ཉ་གསོན་པོའི་རིགས་ཁྱིམ་ནང་དང༌། ཟ་ཁང༌། མགྲོན་ཁང་སོགས་ནང་མཛེས་ཆོས་དང་གཤམ་སྟོན་ཆེད་ཉོ་ཚོང་ཆེས་མང་པོ་བྱེད་ཀྱི་ཡོད། དེ་དག་མང་ཆེ་བ་ཚེ་གང་བཟང་བཙོན་ལྟ་བུ་གནས་དགོས་ཀྱི་ཡོད། དཔེར་ན་ཨ་རིའི་ནང་གཅིག་པུ་མཛེས་ཆོས་ཀྱི་ཉ་རིགས་ས་ཡ་ ༣༥༠ ནས་༥༠༠ བར་ནང་ལ་གསོ་ཉར་བྱེད་བཞིན་ཡོད། དེ་བཞིན་ཉི་ཧོང་དང་སིང་གྷ་པུར་སོགས་ཡར་ཐོན་ཅན་གྱི་འབྱོར་ལྡན་རྒྱལ་ཁབ་ཁག་གི་མི་མང་པོས་དེ་ལྟར་བྱེད་ཀྱི་ཡོད་པ་རེད།།

ཉ་ཆེན་སྐོར་དཔྱད་གཞིའི་ཡིག་ཆ།

1 Wildlife Crime (WPSI 1998) P.90

2 Microsoft Encarta Reference Library 2006

 

ཐེངས་ 42207 བཀླགས་འདུག