Donate

དཔལ་རིས་བསོད་ནམས་ཚེ་རིང་གི་རྩོམ་ཡིག

དཔལ་རིས་བསོད་ནམས་ཚེ་རིང་གིས་བརྩམས་པའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པདྨ་དཀར་བོའི་ཆུན་པོ་ཞེས་པ་ལས། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་གང་ཐུབ་བྱེད་པ།

དང་པོ་མདོ་དབུས་མཐོ་སྒང་གི་སྲོག་ཆགས་རིགས་གང་ཡིན་པ་མཐའ་དག་མིའི་རིགས་ཀྱི་གྲོགས་པོ་ཡིན། བོད་མི་རིགས་ལ་སངས་རྒྱས་ཆོས་ལུགས་ཤན་ཤུགས་ཆེ་བས་སྲོག་ཆགས་རིགས་ལ་སྙིང་རྗེ་ཆེ་བ་ཞིག་ཡིན་ན་ཡང་བོད་མི་རིགས་ལ་སྟག་གཟིག་དང་ཝ་མོ༌། ཆུ་སྲམ་སོགས་རྒྱ་ཁབ་ཀྱི་སྲུང་སྐྱོབ་རིམ་པའི་རི་སྐྱེས་སྲོག་ཆགས་ཀྱི་པགས་པ་གྱོན་གོས་ཀྱི་མཐའ་རྒྱན་བྱེད་པའི་ལུགས་སྲོལ་དར་བས་གྱོན་གོས་མཐའ་རྒྱན་གྱི་ཆེད་དུ་བོད་རང་གིས་ཀྱང་རི་སྐྱེས་སྲོག་ཆགས་གཤོར་བའང་ཡོད། དེ་ཡང་པགས་པ་མང་ཆེ་བ་ཚོང་རྭ་ནས་ཉོས། དེ་བས་སྟག་གཟིག་དང་ཝ་སྤྱང༌། ཆུ་སྲམ་སོགས་ཀྱི་པགས་པ་མང་ཆེ་བ་བོད་རང་གིས་རྔོན་པ་ལས་ཐོབ་པ་མིན་ན་ཡང་བོད་པ་ཚོས་རི་སྐྱེས་དང་ཆུ་སྐྱེས་སྲོག་ཆགས་ཀྱི་པགས་པས་གྱོན་གོས་གྱི་མཐའ་རྒྱན་བྱེད་པའི་ལུགས་སྲོལ་ནི་མདོ་དབུས་མཐོ་སྒང་གི་སྲོག་ཆགས་མང་པོ་ཞིག་ཚེ་སྲོག་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། དེའི་ཕྱིར་ང་ཚོས་གྱོན་གོས་ཀྱི་མཐའ་རྒྱན་ལ་རི་སྐྱེས་སྲོག་ཆགས་ཀྱི་པགས་པ་མི་འཇོག་ལ། མིས་བཟོས་པགས་པ་དང་རས་སོགས་ཀྱིས་གྱོན་གོས་མཐའ་རྒྱན་གྱི་ཚབ་བྱས་ཆོག གཉིས་པ་ནི་ཚོང་དང་སྨན་སྡེབ་པའི་ཆེད་དུ་རི་སྐྱེས་སྲོག་ཆགས་རྔོན་པའི་ལས་ལ་བཀག་འགོག་བྱེད་དགོས། མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་འབྲོང་དང༌། རྐྱང༌། ཤྭ་བ། ཝ་མོ། གཙོད་ལ་སོགས་པ་ཡང་ན་ཁུ་ལུ་དང་རྭ་ཅོ་སོགས་ལ་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན་པ་དང་ཡང་ན་རུས་པ་དང་གློ་སྙིང་སོགས་དོན་སྣོད་ལ་སྨན་སྡེབ་ཀྱི་རིན་ཐང་ལྡན་པས་དུས་རྒྱུན་རྔོན་པས་བརྔོན་ནས་ཚོང་ར་ནས་བཙོང་བ་དང་སྨན་ཁང་ནས་སྨན་སྡེབ་ཀྱིན་ཡོད། དེ་མིན་ད་དུང་ཁ་ཟས་ཆེད་དུ་རི་སྐྱེས་སྲོག་ཆགས་དེ་དག་རྔོན་པ་ཡང་ཡོད། གནད་དོན་དེ་རྩ་བ་ནས་ཐག་གཅོད་བྱེད་ཐབས་ནི། ༡ ཁྲིམས་ལུགས་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་འཛིན་གསོད་བྱེད་མཁན་དང་རི་སྐྱེས་སྲོག་ཆགས་ཀྱི་པགས་པ་དང་ཁུ་ལུ། རྭ་ཅོ། ཐ་ན་རི་སྐྱེས་སྲོག་ཆགས་ཀྱི་པགས་པ་དང་ཁུ་ལུ་ལས་བཟོས་པའི་གྱོན་ཆས་བཙོང་མཁན་ལ་ཁྲིམས་འགལ་གཅོད་དགོས། ༢ རྒྱལ་ཁབ་ཕྱི་ནང་ནས་རི་སྐྱེས་སྲོག་ཆགས་ཀྱི་པགས་པ་དང་ཁུ་ལུ། རྭ་ཅོ་སོགས་ཉོ་ཚོང་རྒྱག་པའི་ཚོང་ར་རྩ་མེད་དུ་གཏོང་དགོས། ༣ སྨན་སྡེབ་ཀྱི་ཆ་ནས་ཅི་ཐུ་ཀྱིས་མིས་བཟོས་སྨན་རྫས་བཀོལ་བ་ལས་རི་སྐྱེས་སྲོག་ཆགས་ཀྱི་རུས་པ་དང་གློ་སྙིང་སོགས་སྨན་ལ་ཉུང་སྡེབ་དང་རབ་ཡིན་ན་མི་སྡེབ། ༤ དཔེ་དེབ་དང་ཚགས་པར། བརྙན་འཕྲིན། རྒྱང་བསྒྲགས་ཁྱབ་བརྡ་སོགས་སུ་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་སྨན་སྡེབ་རིན་ཐང་མི་བསྒྲག ༥ ཁ་ཟས་ཐད་ནས་ཁྱིམ་ཕྱུགས་ཀྱི་ཤ་བསྟེན་པ་ལས་རི་སྐྱེས་ཆགས་ཀྱི་ཤ་མི་ཟ་བའི་གོམས་སྲོལ་སྤེལ་དགོས། ༦ རི་སྐྱེས་སྲོག་ཆགས་ཀྱི་ཤའམ་པགས་པ། ཁུ་ལུ་རྭ་ཅོ་སོགས་ཀྱིས་བཟོས་པའི་ཐོན་རྫས་ཉོ་ཚོང་འགོག་དགོས་པ་དཔེར་ན་དོམ་སུག་དང་སྟག་རུས། བ་སོ་སོགས་མི་ཉོ་བ་དང་རི་དྭག་རྩ་ཆེན་གྱི་པགས་པ་སྟེ་སྲམ་ཁ་དང་སྟ་གོང༌། གཟིག་ཞོལ་ལྟ་བུའི་གོན་པ་མི་གོན། གང་ལྕོགས་ཅི་ཐུབ་སྒོས་རི་སྐྱེས་སྲོག་ཆགས་ཀྱི་བལ་རྩིད་དང་ཁུ་ལུ་སོགས་ཀྱིས་བཏགས་པའི་གོན་པ་མི་གོན། འབྲོང་དང་གཙོད། གནའ། ཤ་སོགས་རི་དྭགས་རྩ་ཆེན་གྱི་ཤ་ཟ། རི་དྭགས་ལ་ཟ་རྒྱུ་ནག་ནོག་མི་སྟེར། གནས་སྐོར་ལ་ཕྱིན་སྐབས་རི་སྐྱེས་སྲོག་ཆགས་མི་རྔོན་པ་བཅས་བྱ་དགོས། གསུམ་པ་མདོ་དབུས་མཐོ་སྒང་ནས་རི་སྐྱེས་སྲོག་ཆགས་ལ་རྒྱུད་སྤེལ་འཚོ་གནས་ཀྱི་ཁོར་ཡུག་ཡག་པོ་གཞི་སྐྲུན་དགོས། ནང་སྒོས་སུ་མིའི་རིགས་ཀྱི་གནོད་འཚེ་མེད་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་དགོས། རབ་ཡིན་ན་མདོ་དབུས་མཐོ་སྒང་དེ་འཛམ་གླིང་སྤྱིའི་རང་བྱུང་སྲུངསྐྱོབ་ས་ཁུལ་བཙུགས་ནས་ཡུལ་དེའི་རི་སྐྱེས་སྲོག་ཆགས་མ་གཏོགས་ཆུ་སྐྱེས་སྲོག་ཆགས་དང༌། འདབ་ཆགས་བཞུར་ཆུ། གངས་རི། ཆབ་རོམ། རླན་ས། རྩྭ་ཐང༌། ནགས་ཚལ་སོགས་མཐའ་དག་ལ་སྲུང་སྐྱོབ་གང་ཐུབ་བྱེད་དགོས།

 

ཐེངས་ 42185 བཀླགས་འདུག