Donate

དབྱར་རྩྭ་དགུན་འབུ་རྐུ་འཕྲོག་བྱེད་མཁན་གྱིས་མི་བསད་འདུག

མུ་གྷུ་རྫོང་ཁུལ་དུ་ཇག་ཚོགས་དང་ཡུལ་མིའི་དབར་དབྱར་རྩྭ་དགུན་འབུ་རྐུ་འཕྲོག་གི་འཁྲུག་རྩོད་བྱུང་སྟེ་ཡུལ་མི་གཅིག་འདས་གྲོངས་དང་གཞན་གསུམ་ལ་རྨས་སྐྱོན་བྱུང་ཡོད་འདུག

5763a777706fb_4479d58cd7c22a3544f91aad0438c09a8dc1e843-1bm79rnཧྥ་རན་སིའི་གསར་ཁང་ (AFP) གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་བལ་ཡུལ་ནུབ་རྒྱུད་མུ་གྷུ་ (Mugu) རྫོང་ཞེས་པའི་ས་ཁུལ་དུ་ཡུལ་མི་དང་ཇག་ཚོགས་དབར་དབྱར་རྩྭ་དགུན་འབུ་རྐུ་འཕྲོག་གི་འཁྲུག་རྩོད་བྱུང་སྟེ་ཡུལ་མི་གཅིག་འདས་གྲོངས་དང་ཡུལ་མི་གསུམ་ལ་རྨས་སྐྱོན་བྱུང་ཡོད་པ་དང་། དེ་ནི་ས་ཁུལ་དེར་བྱུང་བའི་དབྱར་རྩྭ་དགུན་འབུ་འཕྲོག་རྩོད་ཀྱི་མི་གསོད་དོན་རྐྱེན་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

བལ་ཡུལ་མུ་གྷུ་རྫོང་ཉེན་རྟོག་དཔོན་ཀི་ཤཱབ་ར་རྗ་ཤཱར་མ་ (Keshab Raj Sharma) ཟེར་བ་ཞིག་གིས་ཁ་པར་སྐུད་ལམ་ནས་ཧྥ་རན་སིའི་གསར་ཁང་དུ་གནས་ཚུལ་འགྲེལ་བརྗོད་གནང་དོན། རེས་གཟའ་ལྷག་པའི་མཚན་མོར་མི་བཅུ་གྲངས་ལས་གྲུབ་པའི་ཇག་ཚོགས་ཤིག་གིས་ས་ཁུལ་དེའི་ནང་གང་བྱུང་མེ་མདའ་བརྒྱབ་སྟེ་ཡུལ་མི་ཚོས་བརྐོས་པའི་དབྱར་རྩྭ་དགུན་འབུ་འཕྲོག་བཅོམ་བྱེད་སྐབས། ཇག་ཚོགས་དང་ཡུལ་མིའི་བར་འཁྲུག་འཛིང་བྱུང་སྟེ་ཡུལ་མི་གཅིག་དམར་གསོད་དང་གཞན་གསུམ་ལ་རྨས་སྐྱོན་བྱུང་ཡོད་པ་དང་། ཡུལ་མི་ཚོས་བཤད་ན། ཇག་པ་དེ་ཚོས་ཡུལ་མི་ཚོའི་དབྱར་རྩྭ་དགུན་འབུ་རྐུ་འཕྲོག་བྱས་ཡོད་སྐོར་བཤད་སོང་། དོན་རྐྱེན་བྱུང་སའི་ས་ཁུལ་དེར་མྱུར་སྐྱོབ་སྨན་པ་ཆེད་གཏོང་བྱས་ཡོད་ནའང་། གནམ་གཤིས་མི་ལེགས་པའི་རྐྱེན་གྱིས་གནམ་གྲུ་འཕུར་ཐུབ་མི་འདུག ཅེས་བརྗོད་འདུག

གནས་ཚུལ་འདིའི་ནང་། ལོ་རེའི་དབྱར་མགོ་ཚེས་དུས་བལ་ཡུལ་དང་བོད་ཡུལ་དུ་རིན་གོང་ཆེ་བའི་ཤ་མོང་(fungus) རིགས་ཤིག་རྐོ་སྲོལ་ཡོད་པ་དང་། ཡུལ་མི་ཚོས་དེའི་མིང་ལ“དབྱར་རྩྭ”“དགུན་འབུ” (summer plant, winter insect) ཞེས་འབོད་ཅིང་། རྒྱ་ནག་ནང་དུ་དེ་སྨན་རྩྭར་བེད་སྤྱོད་གཏོང་གིན་ཡོད་ནའང་། སྨན་རྩྭ་དེ་ལོ་གཅིག་གི་དབྱར་མགོའི་ཟླ་ཁ་ཤས་རིང་མ་གཏོགས་མེད་པ་དང་། རྩྭ་སྨན་དེ་ཆུ་ནང་གདུས་ཏེ་ཇ་བཟོ་བའམ་ཁུ་རིགས་ནང་བཏབ་ན་འབྲས་ནད་རིགས་ལ་ཕན་པར་བཤད་ཅིང་། རྒྱ་ནག་གི་རྩྭ་སྨན་རིག་པ་བ་ཚོས་དེ་ནི་ཕོ་མོའི་འཁྲུག་སྤྱོད་ཀྱི་ནུས་པར་ཕན་པར་ཡིད་ཆེས་བྱེད་ཀྱིན་ཡོད་པ་དང་། ཉེ་བའི་ལོ་ངོ་འདི་དག་རིང་བལ་ཡུལ་དང་བོད་ཡུལ་གང་སར་རྩྭ་སྨན་དེ་རིགས་ཀྱི་སྐྱེས་འཕེལ་ཇེ་ཉུང་དུ་སོང་ཡོད་སྐོར་འཁོད་འདུག

གནས་ཚུལ་འདིའི་མུ་མཐུད་དུ། དབྱར་རྩྭ་དགུན་འབུ་འཕྲོག་རྩོད་ཀྱི་དོན་རྐྱེན་དེ་ནི་ཐོག་དང་པོར་བྱུང་བ་ཞིག་མིན་པར། ཕྱི་ལོ་ ༢༠༠༩ ལོར་ས་ཁུལ་དེ་གར་དབྱར་རྩྭ་དགུན་འབུ་བཏུ་བའི་ཆོག་མཆན་རྩོད་གླེང་ཁྲོད་ཡུལ་མི་ ༧ གྱི་ཚེ་སྲོག་ཤོར་བ་དང་། ལོ་གཉིས་ཀྱི་རྗེས་སུ་གནད་དོན་དེའི་ཐོག་མུ་གྷུ་རྫོང་ཁྲིམས་ཁང་གིས་ཡུལ་མི་ ༡༩ བཙོན་འཇུག་གི་ཉེས་ཆད་བཅད་ཡོད་སྐོར་སོགས་འཁོད་འདུག

བོད་ཀྱི་དུས་བབ་ལས་དྲངས།

ཐེངས་ 42209 བཀླགས་འདུག