Donate

དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་པའི་ཐོག་སྩལ་བའི་བཀའ་སློབ།

༄༅། །བོད་མིའི་བཟང་སྤྱོད་ཀྱི་རིན་ཐང་ལྟ་བ་གཅེས་འཛིན་ཐད་ཆོས་ཟེར་བ་ནི་མིའི་བསམ་བློར་བསྒྱུར་བཅོས་གཏོང་བར་བརྗོད་ཀྱི་ཡོད། ཚེ་ཕྱི་མ་ཁས་མ་བླང་ཀྱང་ཚེ་འདི་གའི་དབང་དུ་བྱས་ན་ཅི་ཙམ་མ་སྐྱིད་པ་ཉུང་བ་ཡོད་པ་དེ་ཙམ་གྱིས་བདེ་སྐྱིད་ཆེ་བ་ཡོད།སྤྱི་ཚོགས་ནང་མིའི་བསམ་བློར་བཟང་པོའི་བསྒྱུར་བཅོས་ཕྲན་བུ་ཐེབས་ཐུབ་ན་ཡ་རབས་བཟང་སྤྱོད་ལྡན་ཞིང་བདེ་སྐྱིད་ཆེ་བ་ཡོང་རྒྱུ་ཡིན། ཇི་ཙམ་གྱིས་མིའི་སྤྱི་ཚོགས་ལ་ཞི་བདེ་བག་ཕེབས་ལྡན་པ་བྱུང་ན་དེ་ཙམ་གྱིས་འགྲོ་བ་མི་སྨོས་ཅི། སེམས་ཅན་དུད་འགྲོ་ཐེར་འབུམ་ཕྲག་ཁྲིག་མང་པོར་བརྡབ་གསིག་ཉུང་བ་ཡོང་རྒྱུ་རེད། མིའི་འདོད་རྔམས་ལ་མཐའ་མེད་པའི་དབང་གིས་དེང་སང་བྱ་གསོ་ཁང་དང༌། ཕག་གསོ་ཁང༌། ཉ་གསོ་ཁང་སོགས་འཚེ་བའི་ལས་མང་པོ་ཞིག་གསོག་མཁན་ཡོད། སྔོན་ལ་འདོད་རྔམས་ཀྱིས་མི་བཟོ་དགུ་བཟོ་མང་པོ་བཟོས་ནས་སྐྱེ་འཕེལ་ཤུགས་ཆེ་བཏང༌། གང་མཚམས་ནས་དེ་དག་གིས་ནད་རིམས་འདྲ་མིན་འཁྱེར་ཡོང་སྐབས་ཡ་ང་སྙིང་རྗེ་མེད་པར་སྡེབ་གསོད་གཏོང་གི་ཡོད།

དེང་འཛམ་གླིང་ནང་བྱ་རིགས་དང་ཉ་སོགས་དུད་འགྲོ་ཅི་ཙམ་མང་པོ་གསོད་ཀྱི་མི་འདུག་གམ། སྙིང་རྗེ། རང་ཅག་བོད་གངས་ཅན་ལྗོངས་སུ་སྔར་རང་དབང་ཡོད་པའི་སྐབས་རྐྱང་དང་། གཙོད། དགོ་བ། རྣ་བ། འབྲོང་སོགས་རི་སྐྱེས་སྲོག་ཆགས་ཧ་ཅང་མང་པོ་ཡོད། འོན་ཀྱང་བར་སྐབས་མང་པོ་ཞིག་བསད་དེ་རིགས་ཁ་ཤས་ཀྱི་རིགས་རྒྱུད་རྩ་སྟོང་ཕྱིན་ ཡོད། མ་གཞི་བར་སྐབས་བོད་མིའི་ནང་དང་རྒྱ་གཞུང་ནས་དོ་སྣང་བྱེད་རྒྱུ་ཅུང་བཟང་དུ་ ཕྱིན་ཡོད། བཟང་ཕྱོགས་ཀྱི་འགྱུར་བ་དེ་དག་ཕྱི་ནང་གི་རྐྱེན་མངཔོ་ཞིག་ནས་བྱུང་ཡོད། དེ་དག་ཧ་ཅང་ཡག་པོ་ཡིན།

འོན་ཀྱང་བློ་ཕམ་པ་ཞིག་ལ་དེང་སང་བོད་ནང་བཤས་ཚོང་རྒྱག་མཁན་མང་དུ་ཕྱིན་ཡོད། ལྷག་པར་འབྲོག་སྡེའི་ས་ཁུལ་ཁག་ཏུ་ཕྱུགས་རིགས་དཀར་ནག་འབོར་ཆེན་གསོ་ཚགས་དང་ ཚོང་བསྒྱུར་བྱས་ཏེ་བཤས་ཚོང་བྱེད་མཁན་མང་དུ་ཕྱིན་པའི་གནས་ཚུལ་གོ་ཐོས་བྱུང༌། ཧ་ཅང་ཐབས་སྐྱོ་པོ་རེད། མིས་ཆོག་མ་ཤེས་པར་འདོད་རྔམས་ཀྱིས་གཞན་ལ་བརྩེ་བའི་བསམ་པ་མེད་པར་སེམས་ཅན་མང་ པོར་བརྡབ་གསིག་གཏོང་གི་ཡོད། སྲོག་ཆགས་ནི་འགྲོ་བ་མིའི་འཚོ་གནས་ཐད་ཕན་པ་ཆེན་པོ་ཡོད་པར་མ་ཟད། རང་བྱུང་ཁོར་ཡུག་གི་མཛེས་རྒྱན་དུ་གྱུར་ཡོད། དེང་རབས་ཀྱི་ཁོར་ཡུག་ཞིབ་འཇུག་པ་ཚོས་ཁོར་ཡུག་གི་གནས་སྟངས་ཡག་པོ་ཞིག་བྱུང་ན་ དེའི་ནང་འཚོ་གནས་བྱེད་མཁན་ཚང་མར་ཕན་པ་ཡོད་པ་དང་། མིའི་འཚོ་གནས་ཁོར་ཡུག་ལ་མ་བརྟེན་ཐབས་མེད་ཡིན། སྔར་འཛམ་གླིང་ནང་མི་འབོར་ད་ལྟ་ནང་བཞིན་མེད་པའི་དབང་གིས་ཁོར་ཡུག་ཐད་དེ་ཙམ་དཀའ་ངལ་མེད།

ད་ཆ་འཛམ་གླིང་གི་མི་འབོར་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་དང༌། ཁོར་ཡུག་ཐད་དམིགས་བསལ་དོ་སྣང་དང༌། སྲུང་སྐྱོབ་མ་བྱས་ན་འགྲོ་བ་མི་རང་ཉིད་ཀྱི་སྡོད་ཁང་ལ་གཏོར་སྐྱོན་འཕོག་པ་ལྟ་ བུའི་ཤུགས་རྐྱེན་ངན་པ་ཡོང་གི་ཡོད། དེར་བརྟེན་དེང་སྐབས་གཞི་ནས་འཛམ་གླིང་ཁྱོན་དུ་ཁོར་ཡུག་སྲུང་སྐྱོབ་ཐད་དོ་སྣང་ དང་ལས་འགུལ་སྤེལ་མཁན་ཤུགས་ཆེར་འགྲོ་གི་ཡོད། འགྲོ་བ་མིའི་འཚོ་གནས་ཕུན་སུམ་ཚོགས་པོ་ཡོང་བར་ས་ཆུ་དང༌། ཤིང་སྣ། མེ་ཏོག་སོགས་ཀྱི་མཐུན་རྐྱེན་འཛོམས་པོ་ཡོད་པ་གཅིག་པུས་མི་འགྲིགས་པར། བདག་མེད་སྲོག་ཆགས་བྱ་རི་དྭགས་སོགས་ཀྱང་དགོསཤིང་། དེ་དག་ནི་རང་བྱུང་ཁམས་དང་ཁོར་ཡུག་གི་མཛེས་རྒྱན་ཡིན། བདག་མེད་སྲོག་ཆགས་ཁག་ཟ་བེད་དང༌། ཚོང་བསྒྱུར་ཁོ་ནར་རྔམས་ནས་བསད་བཏུབ་དང༌། ཤི་མཁན་ཤི་རུ་འཇུག་པ་སོགས་བྱས་ན་ཧ་ཅང་ཐབས་སྐྱོ་པོའི་གནས་ཚུལ་ཡིན།

དེང་བོད་ནང་བོད་མི་བྱབ་ཆུང་བ་ཁ་ཤས་ནས་སྟག་ལྤགས་དང༌། གཟིག་ལྤགས། སྲམ་ལྤགས་སོགས་ཀྱི་མཐའ་རྒྱན་ཅན་གྱི་རྒྱན་གོས་ལ་རྒྱས་སྤྲོས་བྱེད་མཁན་ཡོད། མ་གཞི་བོད་མིའི་སྤྱི་ཚོགས་ནང་དགྲ་ལྷ་དང༌། སྲུང་མ་སོགས་ཀྱི་ལྷ་ཆས་ནང་རྫིག་ཉམས་ཡིན་ཁུལ་གྱིས་སྟག་ལྤགས་དང༌། གཟིག་ལྤགས་སོགས་པགས་རིགས་རྒྱན་སྤྲོས་ཅན་གྱི་ལྷ་གོས་བཟོས་ཡོད་པ་ཁག་ནས་མིག་ ལྟོས་ངན་པ་ཆགས་ཡོད་སྲིད། དེ་དག་ལ་བརྟེན་ནས་མིས་ཀྱང་རྫིག་ཉམས་འདོན་ཆེད་རྒྱས་སྤྲོས་ཅན་གྱི་པགས་རིགས་གྱོན་གྱི་ཡོད།

ནང་དུ་ཡོན་ཏན་གང་ཡང་མེད་པར་ཕྱིའི་གོས་གཅན་གཟན་པགས་རིགས་གྱོན་ནས་རྫིག་ཉམས་ འདོན་ཁུལ་བྱས་ན་དངོས་དོན་ཐོག་ངོ་ཚ་བའི་རང་བཞིན་རེད། ཧ་ཅང་ཐབས་སྐྱོ་པོའི་གནས་ཚུལ་ཡིན། ཡང་རིགས་ཁ་ཤས་ནས་ལག་པའི་མཛུབ་མོ་མང་ཆེ་བར་གསེར་གྱི་མཛུབ་རྒྱན་གཉིས་གསུམ་ གྱོན་ནས་རྒྱུ་ངོམ་དང་རྒྱས་སྤྲོས་བྱེད་མཁན་ཡོད། ཐ་ན་ལག་པས་སྤགས་ཤིག་གཡོ་སྦྱོར་བྱེད་དགོས་ཀྱང་འགུལ་ཐབས་མེད་པའི་མཛུབ་རྒྱན་ གྱོན་མཁན་འདུག ཚིག་ཁེབས་དེ་འདྲ་གྱོན་མཁན་ཚོས་སྤགས་ཇི་ལྟར་བྱས་ཏེ་གཡོ་སྦྱོར་བྱེད་ཀྱི་ཡོད་ དམ་སྙམ་པ་དྲན་གྱི་འདུག དོ་སྣང་བྱེད་དགོས་པ་ཞིག་ལ་བར་སྐབས་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མི་ཚོར་ མཚན་ཤས་གསར་པ་ཁ་ཤས་ཐོན་བཞིན་ཡོད། ཧ་ཅང་བློ་ཕམ་པོ་རེད།

ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་བཞི་བཅུ་ཞེ་དྲུག་ཙམ་འདས་ཟིན་པ་དང༌། ད་ཕན་བོད་མིའི་ཐོག་མཚན་ཤས་ཀྱི་གནས་ཚུལ་ཧ་ལམ་མེད། འོན་ཀྱང་བར་སྐབས་བོད་མིའི་ནང་ནག་ཚོང་རྒྱག་མཁན་ཡོད་པ་དང༌། གཅན་གཟན་གྱི་པགས་རིགས་ཉོ་ཚོང་བྱས་པ་སོགས་ཀྱི་མཚན་ཤས་ཀྱི་བློ་ཕམ་གནས་ཚུལ་མང་ དུ་འགྲོ་བཞིན་ཡོད། དེ་དག་ནི་བོད་ནང་གཅན་གཟན་པགས་རིགས་འགྲོ་རྒྱུག་ཆེན་པོའི་གནས་ཚུལ་ཆགས་པས་ཡིན།

ཡང་བོད་མིས་འཁྲུག་པ་རྒྱག་པ་དང༌། མི་གསོད་པ་སོགས་ཀྱི་ཚུལ་མིན་བྱ་སྤྱོད་སྐོར་དེང་དྲིལ་བསྒྲགས་བྱེད་མཁན་མང་དུ་ འགྲོ་གི་འདུག དེ་དག་ཧ་ཅང་ཐབས་སྐྱོ་ཞིང་བོད་མིའི་ཞབས་འདྲེན་ཡིན། དངོས་གནས་བྱས་ན་བོད་མིའི་གཞི་རྩའི་ཤེས་བྱ་ཡོན་ཏན་ལེགས་སུ་ཕྱིན་ཡོད་པ་དང༌། དཔལ་འབྱོར་ལོངས་སྤྱོད་ཀྱང་བཟང་དུ་ཕྱིན་ཡོད་པར་བརྟེན་དོན་དམ་འདོད་རྔམས་ཆུང་ དུ་འགྲོ་དགོས་པ་རེད། འོན་ཀྱང་བཟང་དུ་འགྲོ་རྒྱུའི་ཚབ་ཏུ་སྡུག་ཏུ་ཕྱིན་ན་འབྱུང་འགྱུར་གྱི་གནས་ སྟངས་ཅི་འདྲ་ཞིག་ཆགས་རྒྱུ་ཡིན་ནམ། ངོས་རང་མི་སྒེར་པ་ཞིག་རེད། ཧ་ལས་དགོས་དོན་གང་ཡང་མེད། འོན་ཀྱང་ངོས་ནས་བོད་སྤྱི་པའི་འགན་ཞིག་འཁྱེར་ཏེ་གནས་ཡོད། ལོ་ན་རྒས་འགྲོ་བའི་སྐབས་སུ་ད་དུང་བོད་མིའི་བཟང་སྤྱོད་དང་མཚན་མཐོང་ལ་རྒྱ་ཞན་དུ་ཕྱིན་ན་ངོས་རང་བསྡད་ཀྱང་མ་བསྡད་ཀྱང་ཁྱད་པར་མི་འདུག་སྙམ་པ་སྐབས་རེ་དྲན་གྱི་འདུག

ད་ལྟ་བར་དུ་ཕྱོགས་ཚང་མར་རེ་བ་བརྒྱབ་སྟེ་ཧུར་ཐག་བྱས་ཡོད། བོད་ཕྱི་ནང་ཚང་མས་ཤུགས་བརྒྱབ་སྟེ་གདུང་ཤུགས་གཅིག་བསྒྲིལ་བྱས་ནས་བསྟན་སྲིད་ སྤྱི་ལ་ཕན་པ་ཡོང་གི་རེད་བསམ་པའི་རེ་བ་བརྒྱབ། ཡིད་ཆེས་བྱས། སྨོན་ལམ་ཚུན་བརྒྱབ་ནས་འབད་བརྩོན་བྱེད་ཀྱི་ཡོད། འོན་ཀྱང་བོད་མིའི་གཤིས་ཀ་དང༌། སྤྱོད་པ། མཚན་མཐོང་བཅས་ཞན་དུ་འགྲོ་བའི་གནས་ཚུལ་ཡོང་སྐབས་ངོས་ལ་སྐྱེ་བ་ཕྱི་མ་གང་དུ་འགྲོ་བ་གདེང་མེད་ཀྱང་ཕན་ཐོགས་མེད་ན་བསྡད་ཀྱང་དོན་ཆེ་བ་མེད་སྙམ། ངོས་ནས་བྱས་ཡུས་བཤད་པ་གང་ཡང་མིན། སྐབས་རེ་འདི་འདྲ་དྲན་གྱི་འདུག རང་རེ་བོད་འབངས་ཚང་མས་གཟབ་གཟབ་མ་བྱས་ན་བར་སྐབས་བོད་མིའི་ནང་ཚུལ་མིན་ངན་ སྤྱོད་ཀྱི་བྱ་སྤྱོད་སྤེལ་མཁན་གྱི་གནས་ཚུལ་མང་དུ་འགྲོ་བའི་མཚན་ཤས་ཀྱི་གནས་ ཚུལ་གང་ཙམ་ཐོན་བཞིན་ཡོད།

གཞི་རྐང་བོད་མི་བཙན་བྱོལ་བའི་ནང་དམར་ཟས་སྤོང་བའི་ལས་འགུལ་སྤེལ་བཞིན་པ་དང༌། སེམས་ཅན་གྱི་རང་དབང་སྲུང་སྐྱོབ་ཐད་ལས་འགུལ་སྤེལ་མཁན་མང་པོ་ཡོད། གདན་ས་དང་གྲྭ་ས་ཆེ་ཁག་མང་ཆེ་བས་སྤྱི་ཐབ་ནང་དམར་ཟས་གཡོ་སྦྱོར་སྤང་སྟེ་དཀར་ སྐྱོང་གི་ལམ་སྲོལ་འཛུགས་ཐུབ་པ་བྱུང་བ་ནི་བཟང་ཕྱོགས་ཀྱི་ཡར་རྒྱས་ཆེན་པོ་ཞིག་ཡིན། དེ་དག་ནི་བསྔགས་པར་འོས་པའི་ལས་དོན་བཟང་པོ་རེད། ད་རེས་འདི་ཕྱོགས་བོད་གཞིས་ནས་རང་རིགས་མང་པོ་ཞིག་འབྱོར་ཡོད་སྟབས་དེ་རིང་ཆེད་མངགས་ནན་བཤད་བྱེད་རྒྱུར། བོད་མི་ཚོས་དགོས་མེད་ཀྱི་རྒྱན་ཆར་དང་དོད་དང་། རྒྱས་སྤྲོས་བྱེད་པ། སེམས་ཅན་གྱི་པགས་རིགས་ཀྱིས་རྒྱན་གོས་བཟོ་བ་དེ་རིགས་ནི་ལྐུག་རྟགས་དང་ངོ་ཚ་བའི་གནས་ཡིན།

རྒྱན་ཆ་ངོ་མ་ནི་རང་རང་བསམ་བློའི་ནང་ཆོས་དང་ཤེས་བྱ་ཡོན་ཏན་ཡོད་ན་དོན་དམ་གྱི་རྒྱན་ཆ་ཡིན། ནང་སེམས་ཞི་ཞིང་དུལ་བ་བྱུང་ན་རྒྱན་ཆ་ཡིན། ནང་བསམ་བློར་ཆོས་དང་འཇིག་རྟེན་གྱི་ཤེས་བྱ་གང་ཡང་མེད་པར་གསེར་དངུལ་གཡུ་བྱུར་དང༌། གཅན་གཟན་པགས་རིགས་ཀྱི་རྒྱན་ཆ་མཆོར་པོ་གྱོན་ནས་ལྷ་ཕེབས་གྲབས་ཡོད་ན་ནི་ཕེབས་ཆོག དེ་མིན་བྱབ་ཆུང་གི་ལས་ཡིན། མདོ་དོན་བོད་འབངས་ཚང་མས་བྱབ་ཆུང་གི་ལས་དུས་ནམ་ཡང་བྱེད་རྒྱུ་མེད། གོང་གསལ་ཚུལ་མིན་གྱི་གནས་ཚུལ་དེ་དག་ནི་བོད་མིའི་ཞབས་འདྲེན་དང་ངོ་ཚ་དགོས་པའི་གནས་རེད། ཚང་མས་གཟབ་གཟབ་བྱེད་དགོས་པ་འདུག ཁྱེད་རང་ཚོས་ངོས་ནས་བཤད་པའི་བརྡ་ལན་ཁག་བོད་ནང་གསལ་པོ་འཁྱོལ་ཐུབ་པ་བྱེད་དགོས། ཤེས་སོང་ངམ།

བོད་ནང་རྒྱས་སྤྲོས་ཅན་གྱི་རྒྱན་ཆར་དང་དོད་བྱེད་པ་དང་། ལྷག་པར་གཅན་གཟན་པགས་རིགས་ཀྱི་རྒྱན་གོས་བཟོས་ཏེ་བྱབ་ཆུང་གི་བྱ་སྤྱོད་ཀྱི་ གནས་ཚུལ་གྱིས་བོད་མི་སྤྱིའི་ཐོག་མཚན་ཤས་དང༌། ྋརྒྱལ་བ་རིན་པོ་ཆེ་ངོ་ཚ་ནས་བཞུགས་འདུག་ཅེས་བརྗོད་དགོས། ང་ཚོས་གནས་ཚུལ་གསལ་པོ་མཐོང་དགོས་པ་ཞིག་ལ་སྐབས་རེ་བོད་སྡོད་རྒྱའི་ས་གནས་དབང་འཛིན་པའི་ལས་བྱེད་བྱབ་ཆུང་བ་དེ་འདྲས་ཆེད་མངགས་ངན་སེམས་འཁོགས་བཅངས་བྱས་ཏེ་བོད་མི་ཚོས་རྒྱན་གོས་མཆོར་པོ་གྱོན་རྒྱུ་མེད་ན་མ་གཏོགས་གྱོན་དགོས་ཞེས་ངན་བསྐུལ་བྱས། རང་རིགས་ཀླད་ཆུང་ཚོས་ཀྱང་རེད་སྙམ་ནས་གསེར་དངུལ་གཡུ་བྱུར་དང༌། སྤོ་ཤེལ། གཅན་གཟན་པགས་རིགས་སོགས་རྒྱན་གོས་མཆོར་པོ་གྱོན་ནས་ངོམ་སྟོན་བྱེད་ཀྱི་མེད་དམ་སྙམ། ངོས་ནས་བོད་ནས་ཐོན་པའི་བརྙན་པར་དེ་འདྲ་ཁ་ཤས་མཐོང་བྱུང༌། དེ་དག་ལ་རང་མདོག་རང་གིས་བསྟན་པ་ལས་དགེ་མཚན་གང་ཡང་མཐོང་ཐོས་མ་བྱུང༌། གནས་ཚུལ་དེ་རིགས་ལ་བོད་འབངས་ཚང་མས་གཟབ་ནན་བྱེད་དགོས་པ་འདུག བཅེས་བཀའ་སྕལ།། །།

ཐེངས་ 42209 བཀླགས་འདུག