Donate

དོམ་ནག་ངོ་སྤྲོད།

དོམ་ནི་ཤ་གཟན་འོ་འཐུང་སྲོག་ཆགས་ཀྱི་རིགས་སུ་གཏོགས་པ་དང༌། སྲོག་ཆགས་དོམ་ལ་རིགས་མི་འདྲ་བ་ཁ་ཤས་ཡོད་ཅིང༌། དེ་དག་མང་བ་གླིང་ཆེན་ཨེ་ཤི་ཡ་དང༌། ལྷོ་ཨ་ཧཕི་རི་ཁ། བྱང་ཨ་རི། ཡོ་རོབ་སོགས་སུ་གཙོ་བོ་གནས་ཤིང་གླིང་ཆེན་གཞན་ལ་ཡང་དོམ་རིགས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། དོམ་ནགདོམ་རིགས་མང་ཆེ་བ་འཚོ་བའི་གོམས་གཤིས་གཅིག་ཡིན་པ་དང༌། དཔེར་ན་ཁ་ཟས་གཙོ་བོ་སྔོ་ལོ་དང༌། རྩ་ལྡུམ། ཤིང་ཏོག་སོགས། དེ་བཞིན་སྲོག་ཆགས་ཆུང་རིགས་རྔོན་གྱི་ཡོད། ཡིན་ནའང་བྱང་ཨ་རི་གླིང་ཕྲན་ཁུལ་གྱི་དོམ་དཀར་ནི་ཁ་ཟས་གཙོ་བོ་ཉ་རིགས་འཚོ་རྟེན་བྱེད་བཞིན་ཡོད་པ་མ་ཟད། ཡུལ་དེའི་ནང་ཡོད་པའི་དོམ་ཁ་ཤས་ཀྱིས་ཆུ་ནང་གི་ཉ་ཁོ་ནར་འཚོ་རྟེན་བྱེད་ཀྱི་ཡོད། དོམ་རིགས་ནི་ཤིང་ནགས་དང༌། རི་མགོ། བྱང་ཐང་སོགས་མི་མེད་ལུང་སྟོང་ནང་གནས་ཀྱི་ཡོད་ལ། བྱང་ཨ་རིའི་ཨ་ལ་ས་ཁ་མངའ་སྡེ་གཡས་གཡོན་དུ་དོམ་རིགས་ཁ་ཤས་གནས་ཀྱི་ཡོད་པ་དང༌། དོམ་ནག་དང༌། དོམ་དཀར། དོམ་ཁམ་ནག་སོགས་ཡོད་པས། དོམ་ཁམ་ནག་དེ་དོམ་གྱི་རིགས་ནང་ནས་ཆེ་ཤོས་ཀྱི་གྲས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་དང༌། ལྗིད་ཚད་ལ་སྤྱི་རྒྱ་ ༧༨༠ ལྷག་དང༌། མཐོ་ཚད་ལ་ཕི་ཊི་ ༡༠ ཙམ་ཡོད་འདུག དེ་བཞིན་ཡོ་རོབ་ཁུལ་དུ་དོམ་ཁམ་ནག་རིགས་ཤིག་ཀྱང་ཡོད།

ཨེ་ཤི་ཡ་ཁུལ་གྱི་དོམ་ནག་ནི་ལྷོ་ཤར་ཨེ་ཤི་ཡ་ཁུལ་གྱི་རི་དང༌། ཤིང་ནགས་སོགས་སུ་གནས་བཞིན་ཡོད་ཅིང༌། བོད་ཀྱི་ས་ཁུལ་མེ་ཏོག་དང༌། རྫ་ཡུལ། ཡུལ་ཤུལ། རྒྱལ་རོང༌། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་སོགས་སུ་མི་ཊར་ ༣༠༠༠ ཡས་མས་ཀྱི་མཐོ་ཚད་ལ་འཚོ་གནས་བྱེད་ཀྱི་ཡོད། བོད་ཁུལ་དུ་གནས་པའི་ཨེ་ཤི་ཡ་དོམ་ནག་དེའི་གཟུགས་པོའི་རིང་ཚད་ལ་སན་ཊི་མི་ཊར་ ༡༢༧ ནས་ ༡༨༨ བར་ཡོད་པ་དང༌། ཕོའི་ལྗིད་ཚད་ལ་སྤྱི་རྒྱ་ ༡༠༠ ནས་ ༢༠༠ བར་ཡོད། དོམ་མོ་ལ་སྤྱི་རྒྱ་ ༥༠ ནས་ ༡༢༥ བར་ཡོད་པས་ཕོ་ལས་ཅུང་ཆུང་བ་ཡོད། སྤྱིར་དོམ་ནག་ནི་ལུས་ཚོ་པོ་དང༌། བོད་དུ་གནས་པའི་དོམ་ནག་ནི་དོམ་རིགས་ནང་ནས་སྤྱིའི་གཟུགས་ཚད་འབྲིང་ཙམ་ཡིན། རྣ་ཅོག་དོམ་གཞན་པ་ལས་ཅུང་ཆེ་བ་ཡོད་ལ། མིག་ཆུང༌། མགོ་ཡི་ཞེང་ཚད་ཆེ། སུག་བཞི་སྦོམ་ཞིང་སྡེར་མོ་ལྡན་ཡོད། དམིགས་བསལ་ཁྱད་ཆོས་ནི་སྙིང་ཁར་ནམ་མཁའི་ཟླ་བ་དང་འདྲ་བའི་སྤུ་དཀར་ཐིག་ཅིག་ཡོད་པ་དང༌། འགའ་ཤས་ཀྱིས་ཟླ་བའི་དོམ་ཡང་ཟེར་གྱི་ཡོད།

ཡང་ཧི་མ་ལ་ཡའི་དོམ་ནག་ཟེར་སྲོལ་ཡོད། སྲོག་ཆགས་འདི་མཇུག་མ་ཐུང་ཞིང་ལུས་ཀྱི་སྤུ་མདོག་ནག་ལ་རྩུབ་པ་སོགས་ཡོད། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་ལ། དགུན་དུས་དགུན་ཉལ་བྱེད་ཀྱི་ཡོད་པ་དང༌། མགྱོགས་ཚད་ཆུ་ཚོད་རེ་ལ་སྤྱི་ལེ་ ༥༠ ལྷག་ཙམ་རྒྱུག་ཐུབ། ཨེ་ཤི་ཡ་དོམ་ནག་ནི་གཅན་གཟན་གཞན་དང་གཅིག་མཚུངས་ཀྱི་ཁ་ཟན་གཙོ་བོ་ཤ་སོགས་བཟའ་ཡི་ཡོད་པ་མ་ཟད། སྔོ་ཟས་དང༌། ཤིང་ཏོག འབུ་གྲོག་མ། སྨན་རྩྭ་སོགས་བཟའ་ཡི་ཡོད་ལ། ཁ་ཟས་འཚོལ་བའི་དུས་སྐབས་མ་གཏོགས་ཉིན་མོ་ཉལ་ཞིང༌། མཚན་མོ་འགྲོ་འོང་བྱེད། སྲོག་ཆགས་འདི་གྲུས་རྩ་ལངས་པའི་དུས་ནི་ཕྱི་ཟླ་ ༦ ནས་ ༧ བར་ཡིན་ཞིང༌། ཕྱི་ཟླ་ ༡ དང་ ༢ ཙམ་ལ་དོམ་ཕྲུག་སྐྱེ་འཕེལ་བྱེད་ཀྱི་ཡོད།

ཐེངས་གཅིག་ལ་དོམ་ཕྲུག་གཅིག་ནས་བཞི་བར་སྐྱེ་འཕེལ་བྱེད། དོམ་ཕྲུག་དང་པོ་སྐྱེ་དུས་མིག་ཕྱེ་མེད་པས། གསོ་སྐྱོང་བྱེད་རྒྱུ་དཀའ་ངལ་ཆེ་ཙམ་ཡོད། ཨེ་ཤི་ཡའི་དོམ་ནག་ཚེ་ཚད་ནི་ལོ་ ༣༠ ལྷག་ཙམ་ཡིན། ད་ལྟའི་ཆར་ཨེ་ཤི་ཡའི་དོམ་ནག་གི་གྲངས་འབོར་ ༥༠༠༠ ནས་ ༧༠༠༠ བར་ཡོད་པ་བཤད་ཀྱི་ཡོད། སྤྱིར་དོམ་རིགས་ནི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང༌། དེའི་རྒྱུ་རྐྱེན་ནི་དོམ་གྱི་མཁྲིས་པ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་འགའ་ཤས་ཀྱི་སྲོལ་རྒྱུན་གྱི་སྨན་རྫས་ནང་དགོས་མཁོ་དང་བེད་སྤྱོད་ཆེན་པོ་ཡོད་པ་དང༌། བོད་སྨན་ནང་དོམ་ནག་མཁྲིས་པ་སྨན་རྫས་མཆོག་གྱུར་དུ་བརྩི་ཡི་ཡོད།

དོམ་མཁྲིས་ཙམ་མ་ཡིན་པ་དོམ་ནག་གི་པགས་པ་དང༌། རུས་པ། ཤ་སོགས་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན་ཡོད། དེས་རྐྱེན་པས་རྔོན་རྒྱག་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་པ་དང༌། ཨེ་ཤི་ཡའི་དོམ་ནག་ནི་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ཟུར་རྒྱན་དང་པོའི་ནང་བཞག་ཡོད་པ་དང༌། དེ་བཞིན་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཛ་དྲག་ཟིན་ཐོ་དམར་པོའི་ནང་བཞག་ཡོད། རྒྱ་ནག་ནང་རིམ་པ་གཉིས་པའི་སྲུང་སྐྱོབ་གྲས་དང༌། རྒྱ་གར་ནང་རིམ་པ་དང་པོའི་སྲུང་སྐྱོབ་གྲས་སུ་ཡོད་པ་རེད།།

 

ཐེངས་ 42250 བཀླགས་འདུག