Donate

དྲ་རྒྱ་འདིའི་བྱུང་རིམ་གླེང་བ།

རང་བྱུང་ཁོར་ཡུག་སྐོར་གྱི་དྲ་རྒྱ་བཟོ་དགོས་པའི་རྒྱབ་ལྗོངས་དང་། དེའི་བརྒྱུད་རིམ་སྐོར་ཅུང་ཟད་གླེང་ན། དེང་སྐབས་འཛམ་གླིང་ནང་རང་བྱུང་ཁོར་ཡུག་གི་གནས་སྟངས་དེ་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ནས་སའི་གོ་ལའི་ཁྱོན་ལ་འཕྲད་བཞིན་པའི་ཛ་དྲག་གི་དཀའ་ངལ་དུ་གྱུར་ཡོད་ལ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་དེ་རྒྱལ་སྤྱིའི་ཁྱོན་ལ་ཆེས་གལ་གནད་ཆེ་བའི་དཀའ་ཚེགས་ཅན་གྱི་ལས་དོན་ཞིག་ལ་བརྩི་བཞིན་ཡོད་པ་དང༌། རང་བྱུང་ཁོར་ཡུག་ལ་གནོད་འཚེ་དང་གཏོར་བཤིག་བཏང་ན་སླར་གསོ་རྩ་བ་ནས་བྱེད་མི་ཐུབ་ཅིང་། ཡང་ན་སླར་གསོ་བྱེད་པར་དུས་ཡུན་ལོ་ངོ་བཅུ་ཕྲག་འགའ་ཤས་འགོར་གྱི་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་འཆར་འགོད་ལྷན་ཚོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་དང༌། འབྲེལ་ཡོད་ཚོགས་སྡེ། དེ་བཞིན་འགན་ཁུར་ལྡན་པའི་སྐྱེ་འགྲོ་མང་པོས་འོས་འགན་ཆེན་པོ་བླངས་ཏེ་སྲུང་སྐྱོབ་ཀྱི་ཞུ་སྒོའི་ལས་དོན་དང༌། རང་བྱུང་ཁོར་ཡུག་ལ་བདག་གཅེས་ལེགས་པོ་དང་དོ་མཉམ་ལྡན་པ་ཞིག་ཡོང་ཕྱིར་བརྒྱུད་ལམ་འདྲ་མིན་བརྒྱུད་དེ་གོ་རྟོགས་ལས་འགུལ་སྣ་མང་གོ་སྒྲིག་གིས་འགྲོ་གྲོན་ཆེས་མང་པོ་གཏོང་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་ནང་དཔལ་འབྱོར་དང༌། ཚན་རྩལ་རིག་གནས་ཡར་རྒྱས་གོང་འཕེལ་ཇི་ལྟར་བྱུང་ཡང་སྐྱེ་ཁམས་ཁོར་ཡུག་གི་གནས་སྟངས་དེ་དོ་མཉམ་ལྡན་པ་དང༌། མཛེས་ཞིང་ལྟ་ན་སྡུག་པ་ཞིག་ཡོང་བར་འབད་བརྩོན་གང་ཐུབ་བྱེད་རྒྱུ་ཡིན་པས་སྔ་ཕྱིར་རྒྱལ་སྤྱིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཐོག་ཐག་གཅོད་དང་ཁྲིམས་གཞི་གཏན་འབེབས་སོགས་བྱས་ཡོད་ལ། ཡང་ཕྱོགས་གཅིག་ནས་བཟོ་ལས་དང་ཚན་རིག་ལག་རྩལ་དར་སྤེལ་གྱིས་དཔལ་འབྱོར་འཕེལ་རྒྱས་མྱུར་མགྱོགས་ཅན་གྱི་ཕྱོགས་སུ་སྐུལ་འདེད་དང་སྦྲགས་རྒྱལ་སྤྱིའི་ཁྱོན་ལ་འགྲན་རྩོད་དང་འདོད་རྔམ་གྱི་རྣམ་པ་ཤུགས་ཆེན་ཞིག་རང་བཞིན་གྱིས་མངོན་བཞིན་པ་འདིས་རང་བྱུང་ཁམས་ཆེན་པོའི་ཕྱི་སྣོད་ཀྱི་འཇིག་རྟེན་ལ་གཏོར་བརླགས་དང་གནོད་སྐྱོན་ཚད་མེད་གཏོང་བཞིན་ཡོད་པར་བརྟེན། ནང་བཅུད་ཀྱི་སེམས་ཅན་འགྲོ་བ་མིས་གཙོས་པའི་སྐྱེ་དངོས་རྩི་ཤིང་དང་སྲོག་ཆགས་སོགས་ཀྱི་སྐྱེ་འཕེལ་དང་འཚོ་གནས་ཀྱི་ཁོར་ཡུག་ལ་བཟོད་དཀའ་བའི་གནོད་འཚེ་ཚབས་ཆེན་ཕོག་བཞིན་ཡོད་པ་རེད། ལྷག་པར་དུ་ཁོར་ཡུག་གི་གནས་སྟངས་ཉམས་རྒུད་ཚབས་ཆེན་འགྲོ་བཞིན་པ་དེས་འགྲོ་བ་མིའི་རིགས་ཀྱི་འཕྲོད་བསྟེན་དང༌། བདེ་སྐྱིད། འཚོ་གནས་བཅས་ལ་འཇིགས་སྣང་འཕར་མ་ཞིག་སྤྲོད་བཞིན་ཡོད།

འཛམ་གླིང་ཡང་རྩེ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ནི་འཛམ་གླིང་ཁོར་ཡུག་གི་གལ་ཆེའི་གྲུབ་ཆ་དང་གནས་བབས་ངེས་ཅན་ཞིག་བཟུང་ཡོད་པས། བོད་པའི་སྤྱི་ཚོགས་ལ་མཚོན་ན་སྲོལ་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་བའི་འདུ་ཤེས་ཧ་ཅང་གཏིང་ཟབ་པོ་ཡོད་ནའང༌། ཉེ་བའི་ལོ་ཤས་ནང་འཛམ་གླིང་ཁྱོན་ལ་དཔལ་འབྱོར་འགྲན་རྩོད་དང་ཚན་རིག་ལག་རྩལ་གོང་འཕེལ་གྱིས་བོད་པའི་སྤྱི་ཚོགས་ནང་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་སྲོལ་བཟང་པོ་དག་ཉམས་རྒུད་འགྲོ་བཞིན་པར་བརྟེན། བོད་མི་རྣམས་ལ་གནའ་དེང་གཉིས་ཀའི་སྐྱེ་ཁམས་ཁོར་ཡུག་གི་ཤེས་བྱ་ཆ་ཚང་བ་ཞིག་ཤེས་རྟོགས་ངེས་པར་ཡོད་དགོས་པའི་འགན་འཁྲི་ལྡན་ཡོད་པ་དང༌། དེའི་རིགས་ཤེས་རྟོགས་ཐུབ་པའི་བརྒྱུད་ལམ་ནི་མི་རིགས་རང་ཉིད་ཀྱི་སྐད་ཡིག་ནང་སྐྱེ་ཁམས་ཁོར་ཡུག་གི་ཤེས་བྱའི་སྐོར་འཐུས་སྒོ་ཚང་བ་ཞིག་ཡོད་དགོས་ཤིང༌། ད་ཕན་བོད་ཕྱི་ནང་གཉིས་ཀའི་ནང་རང་མི་རིགས་ཀྱི་སྐད་ཡིག་ནང་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་དཔེ་དེབ་དང་དྲ་རྒྱ་རིགས་ཉུང་ཤས་ཤིག་ལས་མེད་ཅིང༌། རང་ཉིད་སྤྱི་ཚོགས་ཀྱི་གནད་དོན་ཆེ་ཕྲ་ལ་སེམས་འཁུར་ཡོད་པའི་ཆ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་དོན་སྣང་དང་གལ་ཆེའི་རང་བཞིན་དུ་མཐོང་སྟེ་རི་སྐྱེས་སྲོག་ཆགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རང་ནུས་ཆ་ཤས་ཙམ་འདོན་རྒྱུའི་ལས་སྐལ་དུ་དམིགས་པ་ཞིག་དང༌། བོད་པའི་སྤྱི་ཚོགས་ནང་སྐྱེ་ཁམས་ཁོར་ཡུག་གི་ཤེས་བྱའི་སྐོར་གོ་རྟོགས་གོང་མཐོར་གཏོང་ཆེད་ཕྱི་ལོ་༢༠༠༨ ལོར་གུས་པས་ཁོར་ཡུག་སྐོར་གྱི་དེབ་ <<སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གནའ་དེང་ཤེས་བྱ་དང་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ངོ་སྤྲོད་>>ཞེས་པ་ཞིག་ཞིབ་འཇུག་དང་འབྲེལ་འབྲི་རྩོམ་བྱས་ཁུལ་ཡིན་ལ་དྲ་རྒྱ་འདིའི་རྨང་གཞི་དེ་ཡང་དཔེ་དེབ་དེ་ལ་བརྟེན་ནས་བྱུང་བ་རེད།

སྤྱིར་གུས་པ་རྩོམ་སྒྲིག་འགན་འཛིན་གྱིས་ཕྱི་ལོ་ ༢༠༠༤ ནས་བཟུང་ཁོར་ཡུག་སྐོར་ལ་ཞིབ་འཇུག་བྱས་ཤིང་། ཕྱི་ལོ་ ༢༠༠༧ ཟླ་ ༦ ནས་དེབ་འདི་དངོས་སུ་བྲི་འགོ་བརྩམས་པ་དང༌། དེ་ནས་ཟླ་བ་བདུན་ཙམ་རིང་ཞོགས་སྔར་ལངས་དང་ནུབ་ཕྱིས་ཉལ་བྱས་ཏེ་འབད་བརྩོན་བྱིས་རྩོམ་སྒྲིག་བྱས་པ་བརྒྱུད། ཕྱི་ལོ་ ༢༠༠༨ ཟླ་༤ པའི་ཟླ་མཇུག་ལ་དཔར་སྐྲུན་བྱེད་ཐུབ་པ་བྱུང་སྟེ། རང་རེའི་སྤྱི་ཚོགས་ནང་དེབ་དེ་ཉིད་དངོས་སུ་འགྲེམས་སྤེལ་གྱིས་རྒྱ་ཆེའི་དོན་གཉེར་ཅན་དང་ཀློག་པ་པོ་རྣམ་པའི་སྤྱན་ལམ་དུ་འབུལ་ཐུབ་ཙམ་བྱུང་ལ། འབྱུང་འགྱུར་རང་རེའི་སྐྱེ་ཁམས་རིག་པའི་གཞུང་ལ་ཞིབ་འཇུག་བྱེད་མཁན་རྣམས་ལ་དཔྱད་གཞིའི་ཡིག་ཆ་ཅུང་ཟད་རེ་ཕན་འབྲས་ཐོན་པའི་རེ་འདུན་བཅངས་ཡོད།

དེབ་དེའི་ནང་དོན་དང་ཚིག་སྦྱོར་རྣམས་གོ་དོན་རྟོགས་ཇི་སླའི་གཙོ་འདོན་བྱས་ཤིང་བོད་ཡིག་ཀློག་ཤེས་པ་ཙམ་གྱི་གོ་དོན་རྟོགས་ཐུབ་པའི་འབད་བརྩོན་གང་ཐུབ་བྱས་ཡོད། སྤྱིར་དཔེ་དེབ་འདི་བྲིས་པའི་བརྒྱུད་རིམ་ནང་ཞིབ་འཇུག་གི་དུས་ཡུན་ཐུང་ཞིང༌། དུས་བཀག་ནང་ཚར་དགོས་པ་དང༌། ལྷག་པར་དུ་རང་ཉིད་མི་གཅིག་ལག་གཅིག་ལྟ་བུ་ཆགས་ཤིང༌། ཞིབ་འཇུག་དང་རྩོམ་སྒྲིག་གི་ལས་དོན་གཉིས་ཀ་དུས་གཅིག་ལ་འགྲུབ་དགོས་དུས་ཞིབ་ཚགས་དང་ཚད་ལྡན་ཞིག་ཡོང་དཀའ་བ་མ་ཟད། བོད་ཡིག་ཐོག་དཔྱད་གཞིའི་ཡིག་ཆ་དཀོན་ཞིང༌། ཕྲན་ལ་དཔེ་དེབ་འབྲི་རྩོམ་བྱས་པའི་ཉམས་མྱོང་མེད་པའི་ཁར། སྐྱེ་ཁམས་རིག་པའི་གཞུང་ལ་དེ་བས་སྦྱངས་གོམས་མེད་ལ། མདོར་ན་ཁོ་བོ་སྦྱངས་པའི་ཡོན་ཏན་ལ་ཞན་ཆ་ཆེ་བས། དེབ་དེའི་ཚིག་བརྗོད་མ་བདེ་བ་དང༌། གོ་དོན་མི་གསལ་བ། ལྷག་པར་དུ་ཆད་ལྷག་དང་ནོར་འཁྲུལ་སོགས་མང་དག་ཡོད་ངེས་ཡིན་པས་དཔྱོད་ལྡན་མཁས་དབང་རྣམ་པ་དང་རྒྱ་ཆེའི་ཀློག་པ་པོ་རྣམ་པའི་མདུན་དུ་སྙིང་དབུས་ནས་བཟོད་གསོལ་ཞུ་རྒྱུ་དང་སྦྲགས། ནོར་འཁྲུལ་རིགས་སྦས་གསང་མེད་པར་དགོངས་འཆར་ལྷུག་སྩོལ་གནང་བའི་རེ་སྐུལ་དང༌། དུས་ཁོམ་བྱུང་ན་དྲ་རྒྱ་དང་ཡང་དཔེ་དེབ་དེ་ཞིབ་ཕྲ་ལྟ་ཀློག་དང་གཟིགས་ཞིབ་ཡོང་བའི་རེ་འདུན་ཡང་ཞུ་བཞིན་ཡོད་པ་བཅས།

འཕགས་ཡུལ་དྷ་རམ་ས་ལ་ནས་དྲ་རྒྱའི་རྩོམ་སྒྲིག་འགན་འཛིན་ངག་དབང་རབ་རྒྱས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡ ཉིན།

ཐེངས་ 42209 བཀླགས་འདུག