Donate

དྲ་རྒྱའི་ལག་བསྟར་རྩོམ་སྒྲིག་པ།

སངས་རྒྱས་རྡོ་རྗེ། ཕྱི་ལོ་༡༩༨༥ལོར་བོད་མདོ་ཁམས་ཚ་བ་དཔའ་ཤོད་ཁུལ་དུ་སྐྱེས། རང་ལོ་༨སྟེང་ནས་གླིང་ཁ་ཤང་ལྟེ་གནས་སློབ་ཆུང་དང་། དཔའ་ཤོད་རྫོང་སློབ་འབྲིང་བཅས་རིམ་པར་འགྲིམས་ནས་གཙོ་བོར་བོད་ཡིག་དང་། རྒྱ་ཡིག ཨང་རྩིས། གཞན་ཡང་དབྱིན་ཡིག་དང་། ས་ཁམས། སྐྱེ་དངོས། ཆབ་སྲིད། རྫས་འགྱུར། སྤྱི་ཚོགས་ཚན་རིག བསམ་བློ་ཀུན་སྤྱོད་བཅས་ལའང་སྦྱང་བ་ཅུང་ཙམ་བྱས།ཕྱི་ལོ་༢༠༠༣ལོར་ལྷ་སར་ཡོང་ནས་༼ལྷ་ས་དུང་དཀར་སྐད་ཡིག་སློབ་གྲྭ་༽ནང་ལོ་གཅིག་ཙམ་རིང་དབྱིན་ཡིག་སློབ་སྦྱོང་བྱས་རྗེས། ཕྱི་ལོ་༢༠༠༤ལོར་རོགས་པ་ཁག་ཅིག་དང་ལྷན་དུ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་།

ཕྱི་ལོ་༢༠༠༤ནས་༢༠༠༨བར་ཤེས་རབ་དགའ་ཚལ་སློབ་གླིང་༼གསོག་སྒར་སློབ་གྲྭ་༽ནང་བོད་དབྱིན་གཉིས་དང་། གློག་ཀླད་བཅས་ཀྱི་སློབ་སྦྱོང་གི་གོ་སྐབས་བྱུང་བ་དང་། དེ་བཞིན་སློབ་གྲྭའི་ནང་འཛིན་གྲྭ་དང་། ཉལ་ཁང་། བཅུ་ཤོག དེ་བཞིན་གློག་ཀླད་བཅས་ཀྱི་འགན་འཁུར་༼རྒན་བདག་༽བྱས།

དེ་རྗེས་ལྡི་ལིར་རུ་ཟླ་༣རིང་གློག་ཀླད་ཆེད་སྦྱོང་བྱས་ནས་འཛིན་གྲྭའི་ནང་གློག་ཀླད་ཤེས་ཚད་ཀྱི་སྦྱང་འབྲས་ཨང་རིམ་དང་པོ་ཐོབ་ཅིང་། དེའི་སྐབས་ལྡི་ལི་རུ་འཛིན་གྲྭའི་རྒན་བདག་དང་རྩིས་པ་གཅིག་ལྕོགས་བྱས།

ཕྱི་ལོ་༢༠༠༩ནས་དྷ་རམ་ས་ལར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནང་ལས་ཞུགས་བྱས་ནས། ཕྱི་ལོ་༢༠༡༣ཟླ་༤ཚེས་༣༠བར་དེ་གའི་གསར་ཁང་ནང་གསར་འགོད་པ་དང་། ཡིག་སྒྱུར། པར་ལེན། དྲ་རྒྱ་དོ་དམ། ཚགས་ཤོག་ཇུས་འགོད། གཞན་ཡང་བོད་ཡིག་རྩོམ་སྒྲིག་པའི་ལས་འགན་བཅས་བསྒྲུབས། ཞོར་དུ་བཀའ་བློན་ཁྲི་པ་ཞེས་པའི་དྲ་རྒྱ་ཐོག་ཡིག་སྒྱུར་གྱི་ལས་ཀ་བྱས།

ཕྱི་ལོ་༢༠༡༣ཟླ་༥ཚེས་༦ནས་བཟུང་དྷ་རམ་ས་ལར་བརྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་འོག་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བའི་ལག་བསྟར་རྩོམ་སྒྲིག་པ་དང་ཞིབ་འཇུགས། དེ་བཞིན་ཡིག་སྒྱུར་སོགས་ཀྱི་ལས་འགན་འཁུར་བཞིན་པ་ཡིན། དྲ་རྒྱའི་ཁ་བྱང་། tibetnature.net

ཐེངས་ 42154 བཀླགས་འདུག