Donate

དྲེད་མོང༌ངོ་སྤྲོད།

དྲེད་མོང་ནི་གཅན་གཟན་དོམ་རིགས་ཀྱི་ཁོངས་སུ་གཏོགས་ཤིང་ས་མཐོ་བོད་ཀྱི་ཡུལ་གྲུ་གང་སར་འཚོ་གནས་བྱེད། སྲོག་ཆགས་འདི་ནི་བོད་ཀྱི་རོང་འབྲོག་གཉིས་ཀར་འཚོ་གནས་བྱེད་ཅིང༌། དེའི་ནང་ནས་མང་ཆེ་བ་འབྲོག་ཁུལ་དང་བྱང་ཐང་སོགས་སུ་འཚོ་གནས་བྱེད་བཞིན་ཡོད་པ་དང༌། དྲེད་མོང་།རོང་ཁུལ་དུ་ཤིང་ནགས་ཉུང་ཤས་གསེབ་ཏུ་གནས་སྡོད་བྱེད་ཅིང༌། དགུན་ཉལ་བྱེད་མཁན་སྲོག་ཆགས་ཤིག་ཀྱང་ཡིན་པས། རྒྱུན་དུ་ས་བཙན་ས་དང༌། བྲག་ཕུག་སོགས་སུ་ཉུང་ཤས་མཉམ་འདུ་དང་ཁེར་རྐྱང་སོགས་གནས་སྡོད་བྱེད། སྲོག་ཆགས་དྲེད་མོང་གིས་ཤ་རིགས་དང༌། སྔོ་རིགས། འབྲས་བུ་སོགས་ཁ་ཟས་རིགས་འདྲ་མིན་བཟའ་ཡི་ཡོད། གཙོ་བོ་འཕྱི་བ། རི་བོང༌། སྲོག་ཆགས་ཆུང་རིགས་བསད་ནས་བཟའ། ས་སློག་ནས་གྲོག་མ་དང་ཤིང་ཏོག་གི་འབྲས་བུའི་རིགས་བཟའ། ལྷག་པར་སྒོ་ཕྱུགས་ར་ལུག་ལ་གནོད་འཚེ་ཡང་ཡང་བྱེད་པ་དང༌། ཞིང་ཁར་ལོ་ཏོག་བཟའ་བས་མ་ཚད། གནོད་སྐྱོན་ཡང་གཏོང་གི་ཡོད།

དྲེད་མོང་གིས་ཉིན་རེར་ཁ་ཟས་སྤྱི་རྒྱ་ ༡༡ ནས་ ༡༦ བར་བཟའ་ཡི་ཡོད། སྲོག་ཆགས་འདི་མིག་གི་མཐོང་ནུས་ཅུང་ཞན་ན་ཡང་སྣ་ཡི་དྲི་ཚོར་སྲོག་ཆགས་གཞན་པ་ལས་རྣོ་ཞིང༌། དབྱར་དུས་གྲུས་རྩ་ལངས་སྐབས་ཕོ་མོ་གཉིས་མཉམ་སྡོད་བྱེད་ཅིང་མངལ་གྱི་སྦྲུམ་ཡུན་ནི་ཟླ་བ་དྲུག་ནས་བདུན་ཙམ་བར་ཡིན། ཕྱི་ཟླ་དང་པོ་དང་ཡང་ན་གཉིས་པའི་མཚམས་སུ་དྲེད་ཕྲུག་སྐྱེ་འཕེལ་བྱེད་ཅིང༌། ཐེངས་རེར་དྲེད་ཕྲུག་གཅིག་གམ་ཡང་ན་གཉིས་ཙམ་ལས་མི་བཙའ།

དྲེད་མོང་གི་གཟུགས་གཞིའི་རིང་ཚད་ལ་ཨིན་ཅི་ ༦༨ ནས་ ༡༡༢ ཙམ་ཟིན་གྱི་ཡོད། ལུས་ཚཱུ་ཞིང་སྟོབས་ཆེན་ཡོད་པས་ལྗིད་ཚད་སྤྱི་རྒྱ་ ༢༠༠ ནས་ ༧༠༠ ཡས་མས་ཙམ་ཟིན་གྱི་ཡོད། ཕོ་ལས་མོ་ཅུང་ལྗིད་ཚད་ཆུང་བ་ཡོད། གཟུགས་དབྱིབས་ནི་མགོ་ཟླུམ་ཞིང་སྣ་དང་མཆུ་གཉིས་ཅུང་ཟད་རིང་བ་དང༌། མིག་ཟུང་དོམ་ལྟར་ཆུང་ངུ་ཞིག་ལས་མེད་པ་དང༌། སོག་པ་འབུར་དུ་ཐོན་ཡོད་པའི་སུག་ལག་བཞི་རགས་ལ་སྡེར་མོ་རྣམས་ཤིན་ཏུ་ཆེན་པོ་ཡོད་ལ། རྐང་པའི་སྡེར་མོ་ལས་ལག་པའི་སྡེར་མོ་རིང༌། མཇུག་མ་ཐུང་ངུ་ཞིག་ལས་མེད། གཟུགས་གཞི་ཡོངས་ཀྱི་སྤུ་མདོག་ཁམ་སེར་ཅན་རྩུབ་ཅིང་འཐུག་པ་ཕག་སྤུ་དང་མཚུངས་ལ། རྩ་བའི་གཟུགས་དབྱིབས་སོགས་དོམ་དང་གཅིག་མཚུངས་ཡིན།

དྲེད་མོང་དང༌། སྤྲེའུ། འཕྱི་བ་གསུམ་ནི་མི་མིན་མི་འདྲ་སྤུན་གསུམ་ཟེར་གྱི་ཡོད་ལ། མི་ལྟ་བུ་ཡར་ལངས་ཏེ་འགྲོ་ཐུབ་ཀྱི་ཡོད། དྲེད་མོང་ཆུ་རྐྱལ་དང༌། ཤིང་སྡོང་ལ་འཛེགས་པའི་ནུས་རྩལ་ལྡན་ཞིང༌། ཆུ་ཚོད་རེ་ལ་སྤྱི་ལེ་ ༥༠ ཙམ་རྒྱུག་ཐུབ་ཀྱི་ཡོད། སྲོག་ཆགས་འདིས་མི་ལ་གནོད་འཚེ་བྱེད་པ་མ་ཟད། མི་སྡོད་སའི་ཁང་པ་དང་སྦྲ་གུར་ཡང་གཏོར་སྐྱོན་གཏོང་གི་ཡོད། རྒྱུན་དུ་བོད་ཀྱི་བྱང་ཐང་གི་འབྲོག་ཁུལ་དུ་ཕྱུགས་ཟོག་གི་རྫི་བོ་དང་འགྲུལ་པ་འགྲོ་ལམ་དུ་ལམ་ཐུག་རྒྱག་དུས་གནོད་འཚེ་བཏང་བའི་གནས་ཚུལ་མང་པོ་བྱུང་ཡོད་ཚུལ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ནང་གསལ་འདུག

ང་ཚོའི་ཁ་རྒྱུན་དུ་དྲེད་མོང་མི་སྐྲག་རང་སྐྲག་ཟེར་སྲོལ་ཡོད་པས། དྲེད་མོང་དང་ཐོག་མར་གདོང་ཐུག་རྒྱག་སྐབས་དྲེད་མོང་མི་ལ་སྐྲག་སྟེ་རང་ཉིད་ཕར་བྲོས་འགྲོ་ཡི་ཡོད་པ་དང༌། མི་ཡང་ཞེད་སྣང་སྐྱེས་ནས་བྲོས་པ་ཨ་ཅང་ཅང༌། དེ་རྗེས་ཅུང་མ་འགོར་བ་དྲེད་མོང་ཕྱིར་སླེབས་ཏེ་མི་རྗེས་འདེད་བཏང་ནས་གནོད་འཚེ་གཏོང་གི་ཡོད། བོད་བྱང་ཐང་ཁུལ་དུ་དྲེད་མོང་གི་མི་ནང་དུ་བསྡད་མེད་སྐབས་སྡོད་ཁང་གཏོར་སྐྱོན་བྱེད་བཞིན་ཡོད་པ་དང༌། སྡོད་ཁང་ནང་དྲེད་མོང་ཕོས་སྐྱེས་པ་དང་བུད་མེད་ཀྱི་ཅ་ལག་དབྱེ་བ་ཕྱེ་ཐུབ་ཀྱི་ཡོད་པས། སྐྱེས་པའི་ཆ་ལག་མང་བ་གཏོར་སྐྱོན་གཏོང་གི་ཡོད་པ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ནང་གསལ་འདུག

སྲོག་ཆགས་འདིའི་ཚེ་ཚད་ལོ་ ༢༠ ནས་ ༣༠ བར་ཡིན། དྲེད་མོང་གི་མཁྲིས་པ་ནི་སྨན་ནང་འགྲོ་ཡི་ཡོད་པ་དང༌། ཡིན་ནའང་དོམ་ནག་རང་གི་མཁྲིས་པ་ལྟ་བུ་ནུས་པ་མེད་སྐོར་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་འདུག དེ་བཞིན་དྲེད་མོང་གི་པགས་པ་འཐུག་པོ་དང༌། མཁྲེགས་པོ་སོགས་ཡོད་པས་མཁོ་སྤྱོད་ཆེན་པོ་ཡོད། དྲེད་མོང་ནི་ས་མཐོའི་རི་སྐྱེས་སྲོག་ཆགས་སྟོངས་ལ་ཉེ་བ་ཞིག་ཡིན་པ་དང༌། རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་དྲེད་མོང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གྲས་སུ་བཞག་ཡོད་པ་དང༌། རྒྱ་དཀར་ནག་གཉིས་ལ་རི་སྐྱེས་སྲོག་ཆགས་ཀྱི་ཁྲིམས་གཞི་ལྟར་རིམ་པ་གཉིས་པའི་སྲུང་སྐྱོབ་གྲས་སུ་ཡོད་པ་རེད།

ཐེངས་ 42375 བཀླགས་འདུག