Donate

ནང་ཆེན་རྫོང་དུ་འབྲོག་པ་གནས་སྤོ་བས་ཞུ་གཏུག་ཁྲོམ་སྐོར་ལ་བཀག་བསྡོམ་འཇུ་བཟུང་བྱས་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཟླ་ ༨ ཚེས་༢༦ ཉིན་གྱི་སྔ་དྲོ་བོད་མདོ་ཁམས་ནང་ཆེན་རྫོང་ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོའི་མི་མང་གིས་རྒྱ་གཞུང་ལ་ཞུ་གཏུག་རྔམ་སྟོན་ཁྲོམ་སྐོར་བྱས་རྐྱེན། ཞུ་གཏུགས་ངོ་རྒོལ་བྱེད་མཁན་བོད་མི་ཁག་ཅིག་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཀག་བསྐྱིལ་བྱས་ཡོད་འདུག

Nagchen 1

རྒྱ་གཞུང་གིས་ཞི་དྲག་བསླུ་གསུམ་གྱི་སྒོ་ནས་གནས་སྤོ་བྱེད་བཅུག་པའི་འབྲོག་པ་མང་ཚོགས་ཀྱིས་ནང་ཆེན་རྫོང་སྲིད་གཞུང་གི་སྒོ་ཞུ་གཏུག་བྱེད་བཞིན་པའི་པར།

གནས་ཚུལ་དེའི་འབྱུང་རྐྱེན་ནི། ནང་ཆེན་རྫོང་ས་གནས་རྒྱ་གཞུང་དབུལ་སྐྱོར་ལས་ཁུངས་ཀྱིས། ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོ་ལ་འཛུགས་བསྐྲུན་གྱི་ལས་གཞི་རྣམ་གྲངས་ཤིག་གཏན་འབེབས་བྱས་ཡོད་ཀྱང་། ཡིན་ནའང་། གྲོང་ཚོ་ནས་ས་གནས་གཞན་དུ་ཞོར་ལས་བྱེད་དུ་འགྲོ་མཁན་དང་། བུ་ཕྲུག་རྣམས་སློབ་གྲྭར་འཇུག་པའི་ཆེད་དུ་ས་གནས་རྫོང་གྲོང་དང་ཁུལ་ཐོག་སོགས་སུ་གནས་འཆའ་ཟིན་པའི་དུད་ཁྱིམ་བརྒྱ་ལྷག་ལ་སྡོད་ཁང་སོགས་འཛུགས་སྐྲུན་གྱི་ཐོབ་ཐང་མ་སྤྲད་པར་བརྟེན་ནས། ཐོབ་ཐང་མ་རག་པའི་ས་གནས་མང་ཚོགས་ཀྱིས་རྫོང་སྲིད་གཞུང་ལ་ཞུ་གཏུག་ལས་འགུལ་སྤེལ་བ་ཞིག་ཡིན་འདུག

གནས་ཚུལ་དེ་དག་དང་འབྲེལ་བའི་པར་ཁག་ཅིག་ལག་སོན་བྱུང་བ་ལས་མཐོང་ཐུབ་པ་ནི། བོད་མི་མང་ཚོགས་བརྒྱ་སྐོར་ཞིག་འདུ་འཛོམས་ཐོག ལག་དུ་འབོད་ཚིག་དང་དགོས་འདུན་སོགས་བྲིས་པའི་ཡིག་ཆ་བཟུང་ནས། ཞི་བའི་སྒོ་ནས་རུ་སྒྲིག་སྟེ་སྲང་ལམ་བརྒྱུད་ས་གནས་རྫོང་སྲིད་གཞུང་གི་སྒོ་ཁར་འདུ་འཛོམས་ཀྱིས་ཞུ་གཏུག་བྱེད་བཞིན་པའི་རྣམ་པ་གསལ་པོར་མཐོང་ཐུབ། དེར་མ་ཟད། མང་ཚོགས་ཀྱི་ལག་ཏུ་འཕྱར་བའི་ཤོག་བྱང་རེ་འགའི་སྟེང་དུ། རྒྱ་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རུ་སྒྲོག་བཞིན་པའི་ཐ་སྙད་བཅུ་གཉིས་པོ་སྟེ། ༼འབྱོར་ཕྱུག དམངས་གཙོ། དཔལ་ཡོན། འཆམ་མཐུན། རང་དབང་། འདྲ་མཉམ། དྲང་བཞག ཁྲིམས་སྐྱོང་། རྒྱལ་གཅེས། ལས་བརྩོན། གཞུང་དྲང་། མཛའ་མཐུན། ༽བཅས་བོད་རྒྱ་སྐད་ཡིག་གཉིས་ཀྱི་སྟེང་བྲིས་ཏེ་འཕྱར་ཡོད་པ་བཅས་ལས། བོད་མི་མང་ཚོགས་དེ་དག་གིས་འདྲ་མཉམ་དང་དྲང་བཞག་གི་སྒོ་ནས་ཁོ་ཚོར་སྡོད་ཁང་སོགས་འཛུགས་བསྐྲུན་ཐོབ་ཐང་སྤྲོད་དགོས་པའི་མངོན་འདོད་གསལ་འདོན་བྱས་པ་ཞིག་ཡིན་པ་རྟོགས་ཐུབ།

Nagchen 2

ཞུ་གཏུག་མང་ཚོགས་ཀྱིས་ཤོག་བྱང་ངོས་སུ་རྒྱ་གཞུང་གི་ཁས་ལེན་དྲིལ་བསྒྲགས་རྣམས་དཔར་ཏེ་ཁ་བཤད་དོན་ལ་གནས་དགོས་པའི་རྣམ་འགྱུར་བསྟོན་བཞིན་པ།

ནང་ཆེན་རྫོང་ནི་རྒྱ་གཞུང་གིས་ཆུའི་མཆོད་རྟེན་དུ་བསྔགས་ཏེ་སྐྱེས་ཁམས་སྲུང་སྐྱོབ་ཟེར་བའི་ལས་གཞི་སྤེལ་ཡུལ་གཙང་གསུམ་མགོ་ཁུངས་ས་ཁུལ་གྱི་ཁོངས་གཏོགས་ཆགས་ཡོད། རྒྱ་གཞུང་གིས་རྒྱ་ནག་ནང་ལོགས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཆུ་བེད་འབེལ་པོ་འཐོབ་ཆེད་དང་གཏེར་ཁ་བསྔོག་འདོན་ལ་དམིགས་ཏེ། གཙང་གསུམ་སྐྱེས་ཁམས་སྲུང་སྐྱོབ་ས་ཁུལ་དུ་འབོད་པའི་བོད་ཀྱི་རྩྭ་ཐང་ཁག་གི་འབྲོག་པ་རྣམས་བཙན་དབང་དང་དཔལ་འབྱོར་གྱི་བསླུ་བྲིད་སོགས་ཐབས་ལམ་འདྲ་མིན་སྤྱད་ནས་སོ་སོའི་ཕ་ཡུལ་ནས་ཕྱིར་འབུད་གཏོང་བཞིན་ཡོད། དེར་མ་ཟད་བོད་རིགས་གནས་སྤོར་འབྲོག་པ་དེ་དག་ལས་ཁག་ཅིག་ལ་གུན་གསབ་སྤྲད་མེད་པ་དང་། གུན་གསབ་སྤྲད་ཡོད་མཁན་དག་ལའང་ཕྲན་བུ་ཙམ་ལས་སྤྲད་མེད། གུན་གསབ་ཕྲན་བུ་དེས་འབྲོག་པ་མང་ཚོགས་རྣམས་གནས་སྤོས་རྗེས། གནས་སྤོ་བྱ་ཡུལ་གྲོང་རྡལ་ཁུལ་དུ་འཚོ་བ་གསར་པ་ཞིག་སྒྲུབ་རྒྱུའི་མཐུན་རྐྱེན་གྱིས་འདང་གི་མེད་པར་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད།

དེ་ལྟར་གནས་སྤོར་འབྲོག་པ་དེ་དག་གནས་སྤོས་ཡུལ་ས་ཁུལ་དེར་འཚོ་བ་རོལ་ཐབས་མེད་པར་གྱུར་ཏེ། ཞོར་ལས་འཚོལ་ཐབས་དང་བྱིས་པ་རྣམས་ལ་སློབ་གསོའི་མཐུན་རྐྱེན་རག་ཐབས་ལ་དམིགས་ཏེ། ཡུལ་གཞན་དུ་གནས་འཆའ་དགོས་བྱུང་བཞིན་པའི་གནས་ཚུལ་ཡོང་གི་ཡོད་པ་ལྟར། གོང་གསལ་ཞུ་གཏུགས་སུ་བསྐྱོད་མཁན་ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོའི་བོད་མི་མང་ཚོགས་དེ་དག་ལའང་དེ་ལྟའི་གནས་ཚུལ་འཕྲད་ཡོད་པ་རྟོགས་ཐུབ། ཁོང་ཚོས་ཞུ་གཏུགས་བྱ་དགོས་དོན་ནི་རྒྱ་གཞུང་གིས་ཁོང་ཚོའི་རེ་སྐུལ་རྣམས་སྣང་མེད་དུ་གཡུགས་པར་བརྟེན་ནས། ཁོང་ཚོ་ཐབས་ཟད་ཨུ་ཐུག་གི་གནས་སྟངས་འོག་ལྷུང་ནས་འདུ་འཛོམས་ཞུ་གཏུགས་བྱ་དགོས་བྱུང་པ་རེད། དེར་མ་ཟད་ཁོ་ཚོའི་ཞུ་གཏུགས་བྱེད་སྟངས་ཡང་ཚུལ་མཐུན་དང་ཞི་བ་རང་གི་སྒོ་ནས་བྱས་ཡོད་སྟབས། རྒྱལ་སྤྱི་དང་རྒྱ་གཞུང་རང་ཉིད་ཀྱི་ཁྲིམས་དང་ཡོངས་སུ་མཐུན་པ་ཆགས་ཡོད་པ་རེད།

Nagchen 3

ཞུ་གཏུག་འབྲོག་པ་མང་ཚོགས་ཀྱིས་ཞི་བའི་སྒོ་ནས་སྲང་ལམ་དུ་གོམ་བགྲོད་ཞུ་གཏུག་བྱེད་དུ་བསྐྱོད་བཞིན་པ།

འདི་ག་ལྟེ་གནས་ཁང་གིས་ངོས་ནས་རྒྱ་གཞུང་གིས་ཉེ་ཆར་ཁྲིམས་འགལ་འཇུ་བཟུང་བྱས་པའི་བོད་མི་ཞུ་གཏུག་པ་དེ་དག་གང་མགྱོགས་གློད་དགོས་པ་ནན་སྐུལ་བྱེད་བཞིན་ཡོད་ལ། དེ་བཞིན། འདི་ག་ལྟེ་གནས་ཁང་གིས་ཞིབ་འཇུག་བརྒྱུད་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བོད་མི་འབྲོག་པ་དེ་དག་གི་འཚོ་བའི་གནས་སྟངས་དེ་སྔོན་དང་བསྡུར་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག རྒྱ་གཞུང་གིས་སྐྱེས་ཁམས་སྲུང་སྐྱོབ་དང་ས་གནས་འཛུགས་བསྐྲུན་ཡར་རྒྱས་གཏོང་བཞིན་པའི་དྲིལ་བསྒྲགས་འོག བོད་མི་འབྲོག་པ་རྣམས་ཀྱི་སྲོལ་རྒྱུན་འཚོ་གནས་རྩ་གཏོར་བྱས་རྗེས། བོད་མི་འབྲོག་ཚོར་འཚོ་རྟེན་གསར་པ་གོ་སྒྲིག་མ་བྱས་པར་དབུལ་ཕོངས་སུ་བསྒྱུར་བཞིན་པའི་བྱ་སྤྱོད་དེར་ངེས་པར་དུ་འགན་འཁུར་དགོས་པ་དང་། བོད་མི་དེ་དག་གི་འཚོ་བའི་དགོས་མཁོ་གཞིར་བཟུང་འཚོ་སྣོན་མཐུན་འགྱུར་སྤྲོད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།

གོང་གསལ་ནང་ཆེན་རྫོང་གི་བོད་མི་འབྲོག་པ་གནས་སྤོ་བ་རྣམས་འཕྲད་བཞིན་པའི་གནས་ཚུལ་འདི་ནི། ནང་ཆེན་རྫོང་གཅིག་པུ་ཙམ་མ་ཡིན་པར་རྒྱ་གཞུང་གིས་གཙང་གསུམ་མགོ་ཁུངས་སྐྱེས་ཁམས་སྲུང་སྐྱོབ་ས་ཁུལ་འཛུགས་བསྐྲུན་ལ་ཁ་གཡར་ཏེ། སྐྱེས་ཁམས་སྲུང་སྐྱོབ་གནས་སྤོ་ཟེར་བའི་ལས་གཞིའི་འོག་གནས་སྤོ་བྱས་པའི་བོད་ཀྱི་འབྲོག་སྡེ་ཚང་མར་འཕྲད་བཞིན་ཡོད་པ་རེད། དེའང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༠ ལོར་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་རྒྱུ་བའི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་གཙང་གསུམ་མཁོ་ཁུངས་ས་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ངོས་འཛིན་དང་། ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་སྐྱེས་ཁམས་སྲུང་སྐྱོབ་གནས་སྤོའི་ལས་གཞི་དངོས་སུ་མགོ་བརྩམས་ཏེ་འབྲོག་པ་རྣམས་གནས་སྤོར་བྱེད་བཅུག་ཡོད་པ་རེད། རྒྱ་གཞུང་གིས་བརྗོད་ཀྱིན་པའི་གཙང་གསུམ་མགོ་ཁུངས་སྐྱེས་ཁམས་སྲུང་སྐྱོབ་ས་ཁུལ་ཟེར་བ་ནི། མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་ས་ཁུལ་སྟེ། ཡུལ་ཤུལ་དང་མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ་བཞིའི་ཁོངས་གཏོགས་རྫོང་ཁག་ ༡༦ དང་། ན་གོར་མོ་གྲོང་ཁྱེར་གྱི་ཁོང་གཏོགས་གདངས་ལ་ཞང་བཅས་ཡིན། དེར་ཁྱོན་བསྡོམས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ ༣༠་༢༥ ལྷག་སྟེ་མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་ས་ཁྱོན་གྱི་བརྒྱ་ཆ་ ༤༣ ལྷག་ཟིན། ས་ཁུལ་དེར་མི་འབོར་ཁྲི་ ༥༥་༦ ལྷག་འཚོ་གནས་བྱེད་བཞིན་ཡོད་ལས་བརྒྱ་ཆ་ ༩༠ ལྷག་བོད་རིགས་ཆགས་ཡོད།

མཚོ་སྔོན་ཞིང་འཕེལ་བསྒྱུར་ལྷན་ཚོགས་ཀྱི་མགོ་གཙོ་གཞོན་པ་དང་། གཙང་གསུམ་མགོ་ཁུངས་གཞུང་ལས་ཁང་གི་འགན་འཛིན་ལིས་ཞའོ་ནན་(李晓南)གྱིས། ༼ཕྱི་ལོ་ ༢༠༡༤ ལོའི་ལོ་མཇུག་བར་དུ་གཙང་གསུམ་མགོ་ཁུངས་སྐྱེས་ཁམས་སྲུང་སྐྱོབ་དང་འཛུགས་བསྐྲུན་གྱིས་དུས་རིམ་དང་པོའི་ལས་གཞི་ཡོངས་རྫོགས་གཞུང་གིས་བསྡུ་ལེན་དོ་དམ་བྱས་ཟིན་པ་དང་། དེའི་ཐད་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༧༧་༡༢ བཏང་ཐོག ཕྱུག་བསྐྱུར་རྩྭ་སྐྱོང་ས་ཆ་མུའུ་ཁྲི་ ༨༤༧༡ འཛུགས་བསྐྲུན་དང་། སྐྱེས་ཁམས་གནས་སྤོར་བྱས་པའི་འབྲོག་པ་མི་གྲངས་ ༥༥༧༧༣ ལྷག་ལ་སླེབས།༽ ཅེས་བཤད་ཡོད། ད་དུང་ཕྱི་ལོ་ ༢༠༡༤ ནས་ ༢༠༢༠ བར་འགྲོ་གྲོན་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༡༦༠་༦ བཏང་སྟེ་དུས་རིམ་གཉིས་པའི་ལས་གཞི་མགོ་བརྩམས་ཐོག སྔར་གྱི་དུས་རིམ་དང་པོའི་སྐབས་ཀྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ ༡༥་༢༣ ལས་གཞི་རྒྱ་ཆེ་རུ་བཏང་སྟེ། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ ༣༩་༥ བར་འཕར་བསྣོན་བྱ་རྒྱུའི་འཆར་གཞི་བཏང་ཡོད། དེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་ས་ཁྱོན་གྱི་བརྒྱ་ཆ་ ༥༤་༦ ཟིན་ཡོད་པ་རེད།

Nagchen 4

རྒྱ་གཞུང་གིས་བརྗོད་ཀྱིན་པའི་གཙང་གསུམ་མགོ་ཁུངས་སྐྱེས་ཁམས་སྲུང་སྐྱོབ་ཁུལ་ཟེར་བའི་འབྲོག་པ་གནས་སྤོར་བྱ་ཡུལ་ས་ཁུལ་དག་དང་འབྲེལ་བའི་ས་རིས།

དེ་ལྟར་རྒྱ་གཞུང་གིས་སྐྱེས་ཁམས་སྲུང་སྐྱོབ་ལ་ཁ་གཡར་ཏེ། མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་ས་ཁུལ་གྱིས་མཚོན་པའི་བོད་ཀྱི་ས་ཁུལ་མང་པོ་ཞིག་ནང་འབྲོག་པ་རྣམས་གནས་སྤོར་བྱས་རྗེས། རྒྱ་གཞུང་གིས་འབྲོག་པ་གནས་སྤོ་བ་རྣམས་སྡོད་ཁྱིམ་དང་འཚོ་བའི་མཐུན་འགྱུར་ལེགས་པོ་སྤྲོད་རྒྱུ། གནས་སྤོས་གུན་གསབ་སྤྲོད་རྒྱུ། ཁྱིམ་མི་རྣམས་ལས་ཞུགས་ཐད་ཟབ་སྦྱོང་སྤྲད་དེ་ལས་ཞུགས་གོ་སྐབས་སྤྲོད་རྒྱུ། རྒས་གསོའི་གྲོན་དངུལ་སྤྲོད་རྒྱུ། བྱིས་པ་རྣམས་ལ་སློབ་ཞུགས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་སྐོར་སོགས། ཞི་དྲག་བསླུ་གསུམ་གྱི་ཐབས་ལམ་སྣ་ཚོགས་སྤྱད་པའི་སྒོ་ནས་བོད་རིགས་འབྲོག་པ་རྣམས་ཁུལ་དང་རྫོང་གི་མཁར་གྲོང་མཐར་ཕབ་སྟེ། ལོ་ངོ་སྟོང་ཕྲག་ཏུ་མའི་རིང་ནས་བརྒྱུད་འོངས་པའི་ཕྱུག་ལས་འཚོ་སྐྱོང་གི་འབྲོག་པའི་འཚོ་བའི་གཞི་རྟེན་རྩ་གཏོར་བཏང་རྗེས། གཞི་རྒྱ་ཆེ་བའི་བོད་རིགས་གནས་སྤོར་འབྲོག་པ་མ་མང་ཚོགས་ཀྱི་འཚོ་གནས་ལ་འགན་ལེན་མ་བྱས་པར་དཀའ་ཉེན་ཆེན་པོ་འཕྲད་བཞིན་ཡོད། ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱིས་སྐྱེས་ཁམས་གནས་སྤོས་ཁུལ་གྱི་འཚོ་གནས་འཕེལ་རྒྱས་ཐད་ཀྱི་བསམ་འཆར་ཡིག་ཞིག་བཏོན་པའི་གནང་གསལ་བ་ལྟར་ན། གནས་སྤོ་བྱས་ཟིན་པའི་མང་ཚོགས་ཀྱི་སྤྱི་འབོར་ལས་བརྒྱ་ཆ་ ༣༠ ཙམ་ལ་མ་གཏོགས་འཚོ་གནས་རྒྱུན་སྐྱོང་གི་མཐུན་རྐྱེན་སྦྱོར་ཐུབ་མེད་པ་རེད། གྲངས་འབོར་དེ་གཞིར་བཟུང་བ་ཡིན་ན་རྒྱ་གཞུང་གིས་གཙང་གསུམ་མགོ་ཁུངས་ཀྱི་འབྲོག་པ་མི་གྲངས་ཁྲི་ ༥ ལྷག་གནས་སྤོར་བྱས་ཟིན་པར་བརྗོད་ཀྱིན་པའི་ཁྲོད་ནས། འབྲོག་པ་མི་གྲངས་ཁྲི་ ༣ ཙམ་ལ་ད་དུང་འཚོ་གནས་རྒྱུན་སྐྱོང་གི་མཐུན་རྐྱེན་སྦྱོར་ཐུབ་མེད་པ་རེད། དེར་མ་ཟད། བོད་མི་འབྲོག་པ་རྣམས་མཁར་གྲོང་དུ་ཕབ་སྟེ་རྒྱ་བོད་མཉམ་བསྲེས་བྱས་པར་བརྟེན་ནས། བོད་ཀྱི་སྐད་ཡིག་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ལ་བརྡབ་གསིག་ཆེན་པོ་ཐེབས་ཏེ་རིམ་པས་རྩ་མེད་དུ་འགྱུར་བཞིན་ཡོད།

མ་གཞི་རྒྱ་གཞུང་གི་དྲིལ་བསྒྲགས་ལྟར་ན་གཞི་རྒྱ་ཆེན་པོའི་སྒོ་ནས་བོད་མི་འབྲོག་པ་དེ་དག་གནས་སྤོ་བྱ་དགོས་དོན་ནི། དུས་རབས་ཉི་ཤུ་པའི་དུས་དཀྱིལ་ནས་བཟུང་འཛམ་གླིང་གི་གནས་གཤིས་ཚ་དྲོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། འཛམ་གླིང་གི་མི་འབོར་ཕོན་ཆེན་པོ་འཕར་བ་དང་མིའི་འགྲུལ་བསྐྱོད་གནས་སྤོ་བཅས་ལ་བརྟེན་ནས། འཛམ་གླིང་གི་རང་བྱུང་ཁོར་ཡུག་གི་སྐྱེས་ཁམས་མ་ལག་ཉམ་ཆག་བྱུང་བཞིན་ཡོད་པ་ལྟར། བོད་ཀྱི་རང་བྱུང་ཁོར་ཡུག་ལའང་ཉེན་འཇིག་གི་ཛ་དྲག་སྣང་ཚུལ་བྱུང་བཞིན་པའི་རྐྱེན་གྱིས་ཡིན་སྐོར་སྒྲོག་བཞིན་ཡོད། ཡིན་ནའང་། རྒྱ་གཞུང་གིས་གཙང་གསུམ་མཁོ་ཁུངས་སྐྱེས་ཁམས་སྲུང་སྐྱོབ་ལ་ཁ་གཡར་སྟེ་བོད་ཀྱི་འབྲོག་སྡེ་རྣམས་ཀྱི་ལག་ནས་རྩྭ་ཐང་བཙན་འཕྲོག་བྱས་རྗེས། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ལས་ལྡོག་སྟེ་གཙང་གསུམ་མགོ་ཁུངས་ས་ཁུལ་དུ་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་རྒྱ་ཆེན་པོ་རྩོམ་བཞིན་ཡོད་ལ། བོད་མི་རྣམས་ཀྱིས་ཞི་བའི་སྒོ་ནས་གཏེར་ཁ་བསྔོག་འདོན་ལ་བཀག་འགོག་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་གིས་དམག་མི་ཕོན་ཆེན་བཏང་སྟེ་བོད་མི་རྣམས་ལ་དྲག་གནོན་དང་འཇུ་བཟུང་བཙོན་འཇུག་གིས་ཁྲིམས་ཐག་ལྕི་མོ་གཅོད་བཞིན་ཡོད། དེར་བརྟེན། རྒྱ་གཞུང་གིས་སྐྱེས་ཁམས་སྲུང་སྐྱོབ་ལ་ཁ་གཡར་ཏེ་སྤེལ་བཞིན་པའི་འབྲོག་པ་གནས་སྤོར་གྱི་སྲིད་ཇུས་དེ་ནི། སྐྱེས་ཁམས་སྲུང་སྐྱོབ་ཁོ་ནའི་ཆེད་དུ་མ་ཡིན་པར་གཏེར་ཁ་བསྔོག་འདོན་དང་། བོད་མིར་དབང་བསྒྱུར་ཆེད་དམིགས་པའི་མི་སེར་སྤེལ་བའི་ཁྲིམས་འགལ་བྱ་སྤྱོད་ཅིག་ཆགས་ཡོད།

ཡོང་ཁུངས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།

ཐེངས་ 42145 བཀླགས་འདུག