Donate

ནགས་རིའི་མེ་སྐྱོན་ལ་དོ་ཁུར་བྱེད་ཀྱི་མི་འདུག་ཟེར།

དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ཀྱི་ནགས་རི་ཞིག་ཏུ་མེ་སྐྱོན་ཆེན་པོ་འབྱུང་བཞིན་ཡོད་ཀྱང་ས་གནས་སྲིད་གཞུང་གི་མི་སྣ་ཚོས་རྒྱང་ལྟ་རེ་བྱས་ནས་བསྡད་ཡོད་འདུག

13151465_943629119068482_2805678811856120177_nཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོར། སི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་འདན་མ་མགོ་བ་ཡུལ་ཚོའི་ནགས་རིའི་ནང་མེ་སྐྱོན་བྱུང་ཡོད་པ་དང་། ས་གནས་བོད་མི་ཚོས་ནུས་པ་གང་ཡོད་བཏོན་ནས་མེ་གསོད་ཐབས་བྱེད་བཞིན་ཡོད་ཀྱང་། མེ་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་གསོད་མ་ཐུབ་པར་མེ་སྐྱོན་ཆེན་པོ་འབྱུང་བཞིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༢ ཉིན་ས་གནས་བོད་མི་ཞིག་གིས་གནས་ཚུལ་བཏང་བ་ལྟར་ན། འདས་པའི་ཉིན་ཞག་ ༦ རིང་མེ་སྐྱོན་མཚམས་མ་ཆད་པར་བྱུང་ཡོད་ཀྱང་། ས་གནས་ཀྱི་ནགས་ལས་ཁང་དང་ཉེན་རྟོག་པ་རེ་གཉིས་ཡུལ་དངོས་སུ་རྒྱང་ལྟ་བྱེད་དུ་ཡོང་བ་ཙམ་ལས་མེ་གསོད་ཐབས་བྱེད་ཀྱི་མེད་པ་མ་ཟད། གོང་རིམ་ལ་ཡར་ཞུའང་བྱས་མེད་པ་རེད། སྤྱིར་བཏང་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ས་ཁུལ་དེར་དབྱར་རྩྭ་རྐོ་བའི་ལས་མགོ་འཛུགས་ཀྱི་ཡོད་ཀྱང་། མགོ་བ་སྡེ་བའི་ཡུལ་མི་ཚོར་དབྱར་རྩྭ་རྐོ་ཁོམ་མེད་པར་ནགས་རིའི་མེ་གསོད་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པ་དང་། བསྟུད་མར་ཉིན་གྲངས་འགའ་ལ་དབྱར་རྩྭ་རྐོ་ཁོམ་འབྱུང་རྒྱུ་མིན་སྐོར་བརྗོད་འདུག

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་བསྡོམས་ལྟར་ན། བོད་ཁུལ་གྱི་ཤིང་ནགས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་དང་ཁྲི་གཉིས་ལྷག་(༢༢༡༨༠༠)ཟིན་གྱི་ཡོད་ཀྱང་། ཕྱི་ལོ་ ༡༩༨༥ ལོར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གསུམ། བཞི་སྟོང་དུ་མར་ཆགས་ཡོད་པ་རེད། རྒྱ་ནག་གཞུང་གིས་བསྒྲགས་པའི་ཤིང་ནགས་སྐོར་གྱི་ཡིག་ཆའི་ནང་ཤིང་ནགས་ཀྱིས་བོད་ཀྱི་ས་ཁྱོན་སྤྱིའི་བརྒྱ་ཆ་དྲུག་ཟིན་ཡོད་སྐོར་བརྗོད་ཀྱི་ཡོད་ཀྱང་། རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། ཤིང་ནགས་ཀྱི་ཐོན་ཁུངས་ཧ་ཅང་ཕྱུག་པོ་ཡིན་པའི་བོད་ཁུལ་གྱི་ཤར་ལྷོའི་ཕྱོགས་དང་བྱང་ཤར་ཁུལ་དུ་ནགས་ལས་ཚོང་གཉེར་ལྟེ་བ་བཅུ་གྲངས་ཤིག་ཆེད་འཛུགས་ཀྱིས། ལས་བཟོ་བ་སྟོང་ཕྲག་མང་པོས་དབྱར་དགུན་སྟོན་དཔྱིད་མེད་པར་ཤིང་ནགས་ཕོན་ཆེན་གཅོད་འབྲེག་གིས་རྒྱ་ནག་ནང་ལོགས་སུ་དབོར་འདྲེན་བྱས་དང་བྱེད་བཞིན་པར་བརྟེན། བོད་ཁུལ་གྱི་རང་བྱུང་ཤིང་ནགས་ཀྱི་ཐོན་ཁུངས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ་རེད།

རྔ་བ་ཁུལ་དང་ཀན་ལྷོ་ཁུལ་ལྟ་བུར་ཆ་བཞག་ན། རྒྱ་གཞུང་གིས་ནགས་ཚལ་ཆེ་ཁུལ་དུ་ནགས་སྲུང་བ་ཟེར་བ་ཞིག་ལ་ཟླ་གླ་སྤྲད་ནས་ལྟ་སྲུང་བྱེད་དུ་འཇུག་བཞིན་ཡོད་སྟབས། ས་གནས་བོད་མི་ཚོས་ཐ་ན་སྡོད་ཁང་རྒྱག་བྱེད་ཀྱི་ཀ་བའང་མཚན་མོར་སོང་ནས་དབོར་འདྲེན་བྱེད་དགོས་ཀྱི་ཡོད་ལ། གལ་སྲིད་ནགས་སྲུང་བས་ཤེས་རྟོགས་བྱུང་ཚེ། ནགས་ཚལ་བཅའ་ཁྲིམས་ཟེར་བ་ཁ་ལ་འཁྱེར་ཏེ་ཉེས་ཆད་ལྗིད་མོ་གཅོད་བཞིན་ཡོད་པ་རེད། ཡིན་ནའང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་རང་ནས་རྩོམ་སྒྲིག་བྱས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤིང་ནགས་སྐོར་གྱི་ཡིག་ཆ་ཞིག་གི་ནང་། སྲིད་གཞུང་གིས་ཀན་ལྷོ་ནས་གཅོད་འབྲེག་བྱས་པའི་ཤིང་ནགས་ཀྱི་ཡོང་འབབ་དེ་ས་གནས་དེའི་ལོ་ངོ་ ༢༠ ལྷག་རིང་གི་ནོར་སྲིད་སྤྱིའི་འགྲོ་གྲོན་དང་མཉམ་ཡོད་ལ། སི་ཁྲོན་གྱི་བོད་ཁུལ་དུ་ཆེད་འཛུགས་བྱས་པའི་ནགས་ལས་ཚོང་གཉེར་ལྟེ་བ་ ༡༥ ཡིས་འདས་པའི་ལོ་ངོ་ ༣༠ ནང་ཉུང་མཐར་ཤིང་ནགས་སྨི་གྲུ་བཞི་ལྷམ་པ་ས་ཡ་ ༩༦༠༠ གཅོད་འབྲེག་བྱས་ཡོད་སྐོར་བརྗོད་ཡོད་པ་རེད།

བོད་ཀྱི་དུས་བབ་ལས་དྲངས།

ཐེངས་ 42180 བཀླགས་འདུག