Donate

ཕྱི་དྲིལ་ཁོར་ཡུག་ཉམས་ཞིབ་པས་རྒྱལ་ས་པེ་རི་སིར་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གཏམ་བཤད།

ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༡༡ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ (COP21) སྐབས་ཆེད་ཕེབས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་བོད་ཀྱི་ཁོར་ཡུག་གི་གནད་དོན་ངེས་པར་དུ་གླེང་རོགས། 222ཞེས་འབོད་སྐུལ་ཞུ་རྒྱུའི་ལས་འཆར་གྱི་ཁོངས་སུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་། འཛམ་གླིང་དབུ་ཁྲིད་རྣམས་དང་ལྷག་པར་རྒྱ་ནག་གཞུང་ལ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དགོས་པ་དང་། བོད་མི་འབྲོག་པ་རྣམས་ལོ་ངོ་སྟོང་ཕྲག་རིང་ནས་རྩ་ཐང་ཐོག་མི་ཚེ་བསྐྱལ་ཏེ་རང་བྱུང་ཁོར་ཡུག་དང་གྲོགས་འདྲིས་ཧ་ཅང་ལེགས་པོ་ཡོད་པ་མ་ཟད། འབྲོག་པའི་རྩ་ཐང་གི་འཚོ་བའི་གོམས་སྲོལ་དེས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཆེད་ཕན་ཐོགས་ཆེན་པོ་ཡོད་སྟབས།

221འབྲོག་པའི་ཉམས་མྱོང་དང་འཚོ་བའི་གོམས་གཤིས་ལ་བརྩི་བཀུར་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག གཏམ་བཤད་སྤེལ་ཡུལ་དེ་ནེལ་སན་མན་ཌེ་ལ་དྲན་རྟེན་ཚོགས་ཁང་ Nelson Mandela hall ཞེས་པའི་ནང་ཡིན་པ་དང་། བརྗོད་གཞི་གཙོ་བོ། གདོད་མའི་མི་རིགས་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱ་རྒྱུའི་འཆར་སྣང་། The Vision of Indigenous People to Cope with Climate Change ཞེས་པ་ཡིན་ཞིང་།

སྐབས་དེར་ཁོར་ཡུག་ཉམས་ཞིབ་པ་སོགས་ཁྱོན་མི་གྲངས་ ༣༠༠ ཙམ་མཉམ་ཞུགས་གནང་ཡོད། དེ་ཡང་སྐབས་དེར་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་གཏམ་བཤད་ཀྱི་ཐོག་མར་འཛམ་གླིང་ཡངས་ཐོག་ཏུ་གྲགས་པའི་བོད་མཐོ་སྒང་དེ་གོ་ལ་སྤྱིའི་ཁོར་ཡུག་གནས་སྟངས་ཐོག་གལ་གནད་ཆེ་ཚུལ་དང་། ལྷག་པར་འཁྱགས་རོམ་དང་འཐུང་ཆུའི་ཆུ་མཛོད་ཆེ་ཤོས་ཡོད་སའི་མཐོ་སྒང་ཁོ་ན་ཡིན་པ་ཙམ་དུ་མ་ཟད། ཨེ་ཤི་ཡའི་རྒྱུག་ཆུ་ཆེ་ཁག་གི་ཆུ་སྒོ་ཡང་བོད་མཐོ་སྒང་དེ་ཡིན་པ་དང་། འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་ཕུད་པའི་འཁྱགས་རོམ་ཆེ་ཤོས་ཡོད་ས་དེ་བོད་ཡིན་སྟབཋས་ཁོར་ཡུག་ཉམས་ཞིབ་པ་ཚོས་བོད་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་བཞིན་ཡོད། འོན་ཀྱང་དེང་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་བོད་ཀྱི་སྣོད་གཅུད་གཉིས་ཀར་སྟོང་རྒྱུའི་ཉེན་ཁ་ཡོད་ཚུལ་དང་། ད་ཆ་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་མི་འབྲོག་པ་རྣམས་རྩ་ཐང་ནས་བཙན་དབང་འོག་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་ཚོ་གསར་པ་ཟེར་བའི་གཏན་འཇག་གྲོང་ཚོའི་ནང་གནས་སྤོ་བྱས་བཅུག་པ་སོགས་ཞིབ་ཕྲ་གསལ་བཤད་གནང་འདུག །

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས་དྲངས།

ཐེངས་ 42176 བཀླགས་འདུག