Donate

བལ་ཡུལ་དུ་དྲག་ཆར་གྱི་གནོད་སྐྱོན་འོག་མི་བརྒྱ་ལྷག་གི་ཚེ་སྲོག་ཤོར།

ཉེ་བའི་ཉིན་ཤས་རིང་བལ་ཡུལ་དུ་བསྟུད་མར་དྲག་ཆར་ཤུགས་ཆེན་བརྒྱབ་པའི་རྐྱེན་གྱིས་ཆུ་ལོག་རྒྱུགས་ནས་མི་གྲངས་༡༠༠ལྷག་རྐྱེན་འདས་དང་།མི་༡༣༤ ཙམ་གར་སོང་ཆ་མེད། མི་༡༠༠༠ལྷག་ཙམ་ལ་སྡོད་ཁང་མེད་པའི་དཀའ་ངལ་འཕྲད་ཡོད་འདུག
Nepal 1
ཟླ་འདིའི་ཕྱི་ཚེས་༡༩ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།རེས་གཟའ་ཟླ་བའི་ཉིན་བལ་ཡུལ་དུ་མི་གྲངས་བརྒྱ་ལྷག་ཙམ་ཆུ་ལོག་གིས་རྐྱེན་ལམ་དུ་བཏང་པ་ཡོད་པ་མ་ཟད།ཡུལ་མི་སྟོང་ཕྲག་མང་པོའི་སྡོད་ཁང་གཏོར་བཤིག་འོག ས་གནས་ཡུལ་མི་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་བལ་ཡུལ་གྱི་འབྲེལ་ཡོད་དཔོན་རིགས་ཚོས་འགྲེལ་བརྗོད་བྱས་འདུག

ད་ལྟའི་བར་བལ་ཡུལ་གྱི་ནུབ་ཕྱོགས་ས་ཁུལ་ཁག་བཅུའི་ཡུལ་མི་སྟོང་ཕྲག་ཁ་ཤས་ལ་སྡོད་ཁང་མེད་པ་དང་།དེ་བཞིན་གཞུང་ལམ་འགག་སྟེ་གནོད་ཐེབས་ས་ཁུལ་ཁག་ལ་རོགས་སྐྱོར་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་འདུག

Nepal 2གནོད་ཐེབས་ས་ཁུལ་གྱི་མི་མང་གི་སྡོད་གནས་མང་ཤོས་རྩྭ་ཁང་དང་ཤིང་ཁང་། འདམ་རྩིག་སོགས་ཀྱིས་བཟོས་པའི་ཁང་པ་ཡིན་པའི་རྐྱེན་གྱིས་ཆུས་ཁྱེར་སླ་བ་དང་། གནོད་ཐེབས་ས་ཁུལ་དུ་ཟས་གོས་དང་།འཐུང་ཆུ་གཙང་མ་མེད་པའི་དཀའ་ངལ།ཆུ་ལོག་བརྒྱབ་པའི་རྗེས་འགོས་ནད་དར་ཁྱབ་འགྲོ་རྒྱུའི་ཉེན་ཁ་སོགས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཁེལ་ཡོད་འདུག

དེ་བཞིན་བལ་ཡུལ་གྱི་ཛ་དྲག་མྱུར་སྐྱོབ་ཚོགས་ཆུང་གིས་གལ་ཆེའི་དགོས་མཁོའི་རིགས་སྨན་སོགས་མང་པོ་ཞིག་ཐད་འཕུར་གནམ་གྲུ་བཞིའི་ནང་གནོད་ཐེབས་ས་ཁུལ་དུ་བཏང་ཡོད་པ་མ་ཟད།ས་ཐོག་གི་གཞུང་ལམ་བརྒྱུད་ནས་ཀྱང་སྡོད་གུར་དང་།གྱོན་ཆས་སོགས་འགྲེམས་སྤེལ་བྱེད་བཞིན་ཡོད་འདུག

སྤྱིར་དབྱར་ཁ་ཆར་ཞོད་ཆེ་བའི་སྐབས་བལ་ཡུལ་དང་རྒྱ་གར་གཉིས་ཀྱི་ནང་དུ་ས་ཉིལ་ཆུ་རུད་ཀྱི་གནོད་སྐྱོན་ཡང་ཡང་འཕྲད་བཞིན་ཡོད་ཅིང་། ཉེ་ལམ་བལ་ཡུལ་གྱི་ཆུ་མཛོད་ཅིག་གློད་པའི་རྐྱེན་གྱིས་རྒྱ་གར་ཨུ་ཌར་མངའ་སྡེའི་ནང་རྒྱུག་པའི་གཙང་པོ་རྒྱུན་ལྡན་ལས་ཆེར་སོང་སྟེ། མི་༨༤ཙམ་རྐྱེན་ལམ་དུ་བཏང་པ་དང་།གྲོབ་གསེབ་ཀྱི་ས་ཞིང་ཡོངས་རྫོགས་ཆུས་ཁེངས་ཡོད་པ་རེད།

ལོ་སྔོན་མའི་ཆར་དུས་སྐབས་ཨུ་ཌར་མངའ་སྡེའི་ནང་ཆུ་ལོག་དང་ས་ཉིལ་གྱི་རྐྱེན་པས་ཡུལ་མི་༦༠༠༠ཙམ་འདས་གྲོངས་སུ་གྱུར་ཡོད་འདུག།

ཡོང་ཁུངས་བོད་ཀྱི་བང་ཆེན།

ཐེངས་ 42289 བཀླགས་འདུག