Donate

བསེ་རུའི་སྐོར།

བསེ་རུ་ནི་རྩྭ་གཟན་སྲོག་ཆགས་རི་དྭགས་ཀྱི་རིགས་ཤིག་དང༌། སྐམ་གཤེར་གཉིས་ཀའི་ནང་འཚོ་གནས་བྱེད་ཐུབ་མཁན་སྲོག་ཆགས་ཤིག་ཡིན། སྲོག་ཆགས་འདི་ཡ་ཐོག་བསྐལ་པའི་དུས་སུ་ཆེས་རིགས་མང་པོ་ཡོད་པ་སྐྱེ་ཁམས་རིག་པ་བ་ཚོས་ཚོད་དཔག་བྱེད་ཀྱི་ཡོད།

བསེ་རུ།ད་ལྟའི་ཆར་རིགས་ལྔ་ཙམ་ཡོད་པ་དང༌། དེའི་ནང་ནས་རིགས་གསུམ་ཨེ་ཤི་ཡའི་གླིང་ཆེན་ནང་ཡོད་པ་དང༌། གཉིས་དེ་ལྷོ་ཨ་ཧཕི་རི་ཁ་སོགས་གནམ་གཤིས་དྲོད་ཚད་དམའ་པོ་ཡོད་སར་འཚོ་གནས་བྱེད་ཀྱི་ཡོད། རྒྱ་གར་དང་བལ་ཡུལ་དུ་འཚོ་གནས་བྱེད་བཞིན་པའི་བསེ་རུ་ལ་རྭ་གཅིག་ཡོད་པ་དང༌། དུང་དཀར་ཚིག་མཛོད་ཆེན་མོ་ལས་“བསེ་རུ་ལྟ་བུའི་རང་རྒྱལ། རང་རྒྱལ་གྱི་རིགས་ལ་བསེ་རུ་ལྟ་བུ་དང༌། ཚོགས་ནས་སྤྱོད་པ་ཞེས་གཉིས་སུ་དབྱེ་བའི་ཡ་གྱལ་ཞིག་སྟེ། དུད་འགྲོ་བསེ་བར་རྭ་གཅིག་ལས་མེད་པ་ལྟར་འདུ་འཛི་གཡེང་བས་འཇིགས་ནས་གཅིག་པུར་གནས་པས་སོ།

འདི་ནི་ཤིན་ཏུ་དབང་པོ་རྣོ་པོ་ཞིག་སྟེ། བསྐལ་ཆེན་བརྒྱར་ཚོགས་བསགས་དང་བསླབ་པར་བྱ་བའི་གནས་ལ་མཁས་པ་བྱས་ནས་སྲིད་པ་མཐའ་མའི་ཚེ། སངས་རྒྱས་དང་ཉན་ཐོས་ཀྱིས་སྟོང་པའི་འཇིག་རྟེན་དུ་སྐྱེས་ནས། སློབ་དཔོན་དང་རབ་ཏུ་བྱུང་བ། རང་སངས་རྒྱས་གཞན་དག་སོགས་ལ་མི་བསྟེན་ཞིང་མི་འདྲིས་བར་གཅིག་པུར་གནས་ཏེ་རང་གི་བྱང་ཆུབ་མངོན་དུ་བྱེད་པ་ཞིག་ཡིན་”ཞེས་གསལ་ཡོད་པས་སྲོག་ཆགས་བསེ་རུ་ནི་ཁེར་རྐྱང་གི་འཚོ་བར་རོལ་རྒྱུར་དགའ་པོ་ཡོད་པ་མ་ཟད། རྭ་ཡང་གཅིག་ལས་མེད་པར་བཤད།  ཡིན་ནའང་རྒྱ་གར་གྱི་ས་ཆ་ཨ་སམ་དང་བལ་ཡུལ་གཉིས་སུ་ཡོད་པ་བསེ་རུ་ལ་རྭ་གཅིག་ལས་མེད་ཀྱང་ས་གནས་གཞན་ཨན་ཌོ་ནི་ཤི་ཡའི་གླིང་ཕྲན་མ་ཊི་ར་དང་ལྷོ་ཨ་ཧཕི་རི་ཁ་སོགས་ཀྱི་བསེ་རུ་ལ་རྭ་གཉིས་ལྡན་ཡོད།

བསེ་རུ་དེ་རྣམས་ས་བབས་ཀྱི་ཆ་ནས་སྤུ་མདོག་དང༌། དེ་བཞིན་རྭ་ཅོ་ཡི་ཁྱད་པར་ཙམ་ལས་གཞན་འཚོ་བའི་གོམས་གཤིས་སོགས་ཆ་ཚང་གཅིག་མཚུངས་ཡིན། རྒྱ་གར་གྱི་བསེ་རུའི་རིགས་དང་འདྲ་བའི་གྲངས་ ༦༠ ཙམ་ཝི་ཊི་ནམ་དང་དེའི་ཉེ་འཁོར་ལ་གནས་ཀྱི་ཡོད། བསེ་རུ་སྤྱིའི་གཟུགས་པོ་རིང་ཚད་ལ་མི་ཊར་ ༣་༢ ནས་ ༥་༣ བར་དང༌། མཐོ་ཚད་ཕི་ཊི་ ༥་༥ ནས་ ༦ བར་ཡོད། ལུས་ཀྱི་ལྗིད་ཚད་ཤིན་ཏུ་ཆེ་བའི་སྤྱི་རྒྱ་ ༤༠༠༠ ལྷག་ཙམ་ཡོང་གི་ཡོད། བསེ་རུ་དཀར་ནག་དང༌། རྭ་གཅིག་དང་རྭ་གཉིས་ལྡན་པ་རིགས་ཚང་མ་གཟུགས་དབྱིབས་ཆེ་ཆུང་དང་ལྗིད་ཚད་གཅིག་ཡིན་པས་གླང་ཆེན་ལས་ཅུང་ཆུང་བ་ཡོད། ཚེ་ཚད་ལོ་ ༥༠ ཙམ་འཚོ་གནས་ཐུབ་ཀྱི་ཡོད། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས་“རྣ་བའི་ནང་དང་མཇུག་མའི་སྣེ་མོ་མ་གཏོགས་ལུས་ཡོངས་ལ་སྤུ་མེད།

པགས་པ་འཐུག་ཅིང་མཁྲེགས་པ་ལ་གཉེར་འབྲུམ་ཧྲོབ་ཧྲོབ་ཏུ་ཡོད་པ། ནག་སྐྱ་ལྕགས་མདོག་ལྟ་བུ་ལ་སྐེ་དང་སོག་རྒྱབ། ཚང་ར། སུག་བཞིའི་པུས་མོ་བཅས་སུ་གཉེར་མ་ཆེན་པོ་ཡོད་པས་གོ་ཁྲབ་གྱོན་པ་དང་འདྲ་”ཞེས་འཁོད་འདུག དེར་བརྟེན་ལུས་ཀྱི་སྤུ་མདོག་ནི་སྐྱ་བོ་དང་སྐྱ་ནག་སོགས་ཅི་རིགས་མཆིས། རྔ་མ་ནི་ཕག་པའི་རྔ་མ་དང་འདྲ། ཕོ་མོ་ཕལ་ཆེ་བ་གྲུས་རྩ་ལངས་སྐབས་མ་གཏོགས་མཉམ་དུ་སྡོད་པ་ཉུང་ཉུང་ཡིན། མངལ་གྱི་སྦྲུམ་ཡུན་ཆེས་རྒྱུན་རིང་པོ་ཡིན་ཞིང་ཟླ་བ་ ༡༩ ཙམ་འཁུར་དགོས་ཀྱི་ཡོད། སྐྱེ་འཕེལ་ཐེངས་གཅིག་ལ་ཕྲུ་གུ་གྲངས་གཅིག་ལས་མང་བ་མི་སྐྱེ། སྲོག་ཆགས་འདི་ཡང་ཕལ་ཆེ་བ་མཚན་མོ་འགྲོ་འོང་དང༌། ཉིན་མོར་དེ་ཙམ་མཐོང་རྒྱུ་དཀོན།

རང་གཤིས་བཙན་པོ་ཡོད་པས་གཅན་གཟན་དང་སྲོག་ཆགས་གཞན་གྱིས་གནོད་འཚེ་ཐུབ་པར་དཀའ། ད་ལྟའི་ཆར་ཨེ་ཤི་ཡ་ནང་བསེ་རུ་གྲངས་ ༢༠༠༠ ཙམ་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་པ་དང༌། དེའི་ནང་ནས་མང་ཤོས་དེ་རྒྱ་གར་ནང་འཚོ་གནས་བྱེད་ཅིང་གྲངས་འབོར་ ༡༠༠༠ ཙམ་དང༌། བལ་ཡུལ་ནང་ ༥༠༠ ཙམ་ཡོད། ལྷོ་ཨ་ཧཕི་རི་ཁ་སྲོག་ཆགས་གླིང་དུ་བསེ་རུ་གྲངས་ ༤༠༠༠ ཙམ་ཡོད། བསེ་རུ་དཀར་པོ་ནི་ལྷོ་ཨ་ཧཕི་རི་ཁ་དང༌། སུད་སི། ཛམ་པ་ཝེ་སོགས་ས་གནས་འགའ་ཤས་ལ་འཚོ་གནས་བྱེད་ཀྱི་ཡོད་ལ། འཚོ་བའི་གོམས་གཤིས་དང༌། གཟུགས་དབྱིབས། ཆེ་ཆུང་སོགས་བསེ་རུ་གཞན་དང་གཅིག་མཚུངས་ཡིན། གྲངས་འབོར་མང་པོ་མེད་པས་སྟོངས་ལ་ཉེ་བའི་གནས་སུ་གྱུར་ཡོད།

བསེ་རུའི་རྭ་ཨེ་ཤི་ཡ་གླིང་ཕྲན་རྒྱལ་ཁབ་འགའ་ཤས་ནང་སྨན་རྫས་སུ་འགྲོ་ཡི་ཡོད་པ་མ་ཟད། བོད་སྨན་ནང་ཡང་འགྲོ་ཡི་ཡོད་པ་རེད། རྭ་ཅོའི་ཆེད་རྔོན་རྒྱག་མང་པོ་བྱེད་བཞིན་ཡོད་པས། སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན། སྲོག་ཆགས་འདི་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཛ་དྲག་གི་ཟིན་ཐོ་དམར་པོའི་ཟུར་རྒྱན་དང་པོའི་ནང་བཞག་ཡོད་པ་དང༌། དེ་བཞིན་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་ཟུར་རྒྱན་དང་པོའི་གྲས་སུ་བཞག་ཡོད་པ་རེད། རྒྱ་གར་དང༌། བལ་ཡུལ་སོགས་བསེ་རུ་ཡོད་སར་རྒྱལ་ཁབ་ཁག་གི་ནང་རི་སྐྱེས་སྲོག་ཆགས་ཀྱི་ཁྲིམས་གཞིར་བཟུང་ལྟར་སྲུང་སྐྱོབ་བྱས་དང་བྱེད་བཞིན་པ་རེད།།

བསེ་རུའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ།
1 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌།ཆབ་མདོ་སྨན་རྩིས་ཁང༌། ༢༠༠༢P.356-357
2 Microsoft Encarta Reference Library 2006
3 Wildlife crime (WPSI 1998) P.59-60

ཐེངས་ 42214 བཀླགས་འདུག