Donate

བོད་ཀྱི་འབྲོག་པ་རྣམས་དཀའ་ངལ་ཆེན་པོ་འཕྲད་བཞིན་པ།

བོད་ཀྱི་འབྲོག་པ་རྣམས་མི་རབས་ནས་ལུག་དང་གཡག་སོགས་སྒོ་ཕྱུགས་སེམས་ཅན་དང་མཉམ་དུ་རྩ་ཐང་ཐོག་འཚོ་བ་བསྐྱལ་བའི་འཚོ་གནས་ལ་རྒྱ་ནག་གཞུང་གིས་བསྒྱུར་བཅོས་བཏང་ནས་ས་ཕག་དང་ཨར་འདམ་ལས་བཟོས་པའི་ཁ་ཐོར་གྱི་ཁང་པའི་ནང་གནས་སྤོ་བྱེད་དུ་བཅུག་པར་བརྟེན་ནས་ཁོང་ཚོའི་འཚོ་རྟེན་ལ་དཀའ་ངལ་ཆེན་པོར་ལྷུངས་ནས་ཆང་རག་འཐུང་ནས་སེམས་ངལ་སེལ་ཐབས་བྱེད་ཀྱི་ཡོད་པ་རེད་།Tibet Nomadདེ་ཡང་བོད་ཀྱི་འབྲོག་པ་ཚོར་རྩ་ཐང་ནི་ཁོང་ཚོའི་འཚོ་ཐབས་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཞིང་། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་གསར་དུ་རྒྱབ་པའི་སྡོད་ཁྱིམ་ནང་བཙན་དབང་གིས་གནས་སྤོ་བྱེད་དུ་བཅུག་པའི་སྲིད་ཇུས་ལག་བསྟར་བྱེད་པའི་འོག་འབྲོག་པ་མང་ཚོགས་ཀྱི་འཚོ་གནས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད་པ་དང་། དཔེར་ན་བོད་ཀྱི་ཨ་མདོ་རྔ་པའི་ཁུལ་གྱི་བཟའ་མི་གཉིས་ནི་དེ་སྔོན་གཡག་དང་རྭ་ལུག་སོགས་ལ་རྩ་ཁ་འཚོལ་ནས་རྩ་ཐང་ཐོག་ལ་འཚོ་ཐབས་བྱེད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་ཁོང་གཉིས་ལ་འབྲོག་པའི་གྲ་གུར་ནས་གཏན་འཇགས་ཀྱི་སྡོད་ཁྱིམ་ནང་གནས་སྤོ་བྱེད་དུ་བཅུག་པར་བརྟེན་ནས་ད་ཆ་ཁོང་གཉིས་རྔ་པ་རྫོང་ནས་མོ་ཊའི་འགྲིམས་འགྲུལ་བྱས་ན་ཚོུད་གཅིག་མཚམས་སུ་ཡོད་པའི་གྲོང་མཚོའི་གཞིས་གྲོང་ཀྱི་ཁང་པའི་ནང་གནས་སྡོད་བྱེད་བཞིན་ཡོད་པ་རེད། བཟའ་ཟླ་བཀྲིས་ཞུ་བས་རོའེ་ཀྲར་གསར་འགྱུར་ལས་ཁང་གི་གསར་འགོད་པར། ཁོང་བཟའ་མི་གཉིས་གཞིས་གྲོང་དེར་གནས་སྤོ་བྱས་པ་ནས་བཟུང་ཚང་མར་འགྱུར་ལྡོག་ཕྱིན་པ་དང་། ཁོང་གི་ཁྱོ་ག་ལོ་བཞི་བཅུ་ཞེ་གྲངས་ཡིན་པ་དང་། ཁོང་གཉིས་ལ་དང་ཐོག་འགྱུར་ལྡོག་ནི་། ཁོང་གཉིས་ཀྱི་འཚོ་རྟེན་གྱི་མ་དངུལ་རྫོགས་པ་དང་། དེ་ནས་ལས་ཀ་ཡང་རན་པ་ཞིག་མི་ཐོབ་པར་བརྟེན་ནས་ཁྱོ་གས་ཆང་རག་འཐུང་རྒྱུ་འགོ་བཙུགས་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད་། གསར་འགོད་པར་བཀྲིས་ཀྱི་བཟའ་ཟླ་བློ་བཟང་ཐུགས་པའི་སྐབས་ལ། མཚན་མོའི་ཚོུད་༡༢ ཙམ་ལ་ཀོ་བའི་ཞྭ་མོ་གྱོན་པ་དེ་འཁྱོག་ནས་ཡོད་པ་དང་། སྟོད་གོས་ནག་པོ་ནི་ཟང་ངེ་ཟིང་ངེ་ཡིན་ཞིང་། ཁ་ནས་ཆང་དྲི་ཁ་བའི་ཆ་ལུགས་དེ་ལྟར་འགྱུར་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད་། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་ས་ཁུལ་ནང་གི་གྲོང་གསེབ་རྣམས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་དེ་ནི་དཔལ་འབྱོར་འཕེལ་རྒྱས་དང་བོད་ཀྱི་འབྲོག་པ་ཚོའི་འཚོ་རྟེན་ཡར་རྒྱས་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་པ་ཤོད་ཀྱི་ཡོད་ནའང་ད་དུང་རྔ་པའི་ཁུལ་གྱི་བོད་མི་འབྲོག་པ་སྒྲོལ་དཀར་ཞུ་བ་ཤིག་གིས་ཀྱང་། ཁོང་གི་གཡག་༡༣ ཡོད་པ་རྣམས་ལོ་གཉིས་གོང་ལ་བཙོང་ནས་ད་ཆ་ལས་ཀ་མི་རགས་པར་བརྟེན་ནས་འཚོ་རྟེན་མེད་པའི་ཁར་གྲོང་གི་ནང་གི་འགྲོ་སོང་ཆེ་བ་སོགས་ཀྱིས་དཀའ་ངལ་ཆེན་པོའི་ནང་ལྷུངས་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།།

གནས་ཚུལ་ཡོང་ཁུངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 

ཐེངས་ 42220 བཀླགས་འདུག