Donate

བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་འབོད་སྐུལ།

རྒྱལ་སྤྱིའི་ནང་དེང་སང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་ཛ་དྲག་དང་ཚ་རླབས་ཕྱུར་བཞིན་པའི་སྐབས་འདིར་འཛམ་གླིང་ཡང་ཐོག་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་གལ་ཆེའི་རང་བཞིན་ཡིན། གང་ལགས་ཤེ་ན། བོད་ཀྱི་ཆུ་བོ་དང་སྲིད་པའི་གངས་རིས་འཛམ་གླིང་མི་མང་ས་ཡ་མང་པོར་བདེ་སྐྱིད་ཀྱི་འཚོ་གནས་སྦྱིན་ཐུབ་ཀྱི་ཡོད།

ཕྱི་ལོ་ ༡༩༥༩ ལོར་རྒྱ་མིས་བོད་ལ་དབང་བསྒྱུར་བྱས་ནས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད། དཔེར་ན་གདོད་མའི་བོད་ཀྱི་ཤིང་ནགས་ཚད་ལས་བརྒལ་བ་གཅོད་འབྲེག་བྱས་པ་དང༌། མཚོ་དང་མཚེའུ་རྒྱུག་ཆུ་སོགས་ལ་འགན་འཁུར་ཅི་ཡང་མེད་པར་གང་སར་གློག་ཁང་དང་ཆུ་རགས་གསར་རྒྱག་བྱས་པ་དང༌། རྡུལ་ཕྲན་གྱི་ལས་གཞི་གསར་རྒྱག་དང་སྙིགས་རོ་གང་སར་དོར་བ། གཏེར་ཁ་སོགས་གང་བྱུང་སྔོག་འདོན་བྱས་པ། ཞི་བདེ་བག་ཕེབས་ལ་གནས་པའི་བྱ་དང་བྱིའུ། གཅན་གཟན་རི་དྭགས། ཉ་སོགས་ཀྱི་འཚོ་གནས་ལ་གནོད་འཚེ་དང་གང་བྱུང་རྔོན་རྒྱག་བྱས་པ་སོགས། མདོར་ན་ད་ལྟའི་བོད་ཀྱི་ཁོར་ཡུག་གནས་སྟངས་དེ་ཆགས་འཇིག་ཏུ་འགྲོ་ལ་ཉེ་བས་བོད་མི་ཙམ་མ་ཡིན་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཐུགས་སྣང་དང་སེམས་འཚབ་བྱེད་དགོས་པར་གྱུར་ཡོད།

ལྷག་པར་དུ་རྒྱ་ནག་གཞུང་གིས་གནས་སྐབས་ཀྱི་དགོས་མཁོ་ལ་དམིགས་ཏེ་བོད་མིའི་བསམ་ངོ་དང་ཆོས་རིག་གོམས་གཤིས་དང་མི་མཐུན་པའི་རང་བྱུང་ཐོན་ཁུངས་སྔོག་འདོན་བྱེད་བཞིན་ཡོད་པ། དཔེར་ན་བོད་ནང་གནས་རི་རྩ་ཆེན་ཁག་ནས་གཏེར་ཁ་སྔོན་འདོན་དང༌། མཚོ་མཚེའུ་སོགས་ལ་གློག་ཁང་དང་ཆུ་རགས་གསར་རྒྱག་སྐབས་བོད་མི་དང་རྒྱ་ནག་གཞུང་གི་ལས་བཟོ་བར་ལ་འགལ་ཟླ་འཁྲུག་རྩོད་ཤོར་བའི་གནས་ཚུལ་མང་པོ་ལྷགས་ཡོད་པ་རེད། བོད་ནང་རྩྭ་ཐང་ལ་ལྕགས་ར་བསྐོར་ཏེ་བོད་རིགས་ནང་ཁུལ་ལ་ཆེད་དུ་འགལ་ཟླ་བཟོ་ཡི་ཡོད་པ་དང༌། དེ་དག་ནི་རྒྱ་ནག་གཞུང་གིས་ཆེད་དུ་བོད་དུ་མི་མང་བཅོས་མའི་སྤྱི་ཚོགས་ནང་ཞི་བདེ་དང་ལྷིངས་འཇགས་མེད་པ་བཟོ་ཡི་ཡོད་པ་མ་ཟད། མི་རིགས་ནང་ཁུལ་འགལ་ཟླ་ཡི་འབྱུང་རྩ་བཟོ་ཡི་ཡོད་པ་རེད། མདོར་ན་རྒྱ་གཞུང་གི་མི་སེར་སྤེལ་བའི་སྲིད་བྱུས་འོག་བོད་མི་རྣམས་ལ་སྔར་སྲོལ་བཟང་པོ་རྒྱུན་འཛིན་བྱེད་པར་འགོག་རྐྱེན་ཅི་རིགས་འཕྲད་བཞིན་པ་མ་ཟད། དེང་དུས་ཀྱི་ཁྲིམས་ལུགས་དང་ཤེས་བྱའི་ནང་དོན་ཤེས་རྟོགས་བཅུག་གི་མེད།

བོད་ཀྱི་ཁོར་ཡུག་ད་ལྟའི་གནས་སྟངས་ལས་ཉམས་རྒུད་དང་ཇེ་སྡུག་ཏུ་སོང་ན་བོད་ཀྱི་རང་བྱུང་ཁོར་ཡུག་ནི་མཐོ་སྒང་གི་གཡང་གཟར་དང་ས་རྡོ་བྲག་རི་ལས་གྲུབ་པའི་སྐམ་སའི་ཁུལ་ཞིག་ཡིན་པས། སླར་གསོ་བྱེད་པར་དཀའ་ཚེགས་ཆེན་པོ་ཡོད་པ་མ་ཟད། སྤྱིར་རང་བྱུང་ཁོར་ཡུག་སླར་གསོ་བྱེད་རྒྱུ་ཅ་དངོས་ནང་བཞིན་བཟོ་རྒྱུ་མེད་པ་མི་ལོ་ཉི་ཤུ་ནས་བརྒྱ་ཕྲག་བར་འགོར་གྱི་ཡོད་པ་ཤེས་གསལ་རེད་ལ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་འགན་འཁུར་དང་འབྲེལ། སྲུང་སྐྱོབ་བྱ་རྒྱུ་དེ་རྒྱ་ནག་གཞུང་ལ་འགན་ཆེན་པོ་ཡོད་པ་མ་ཟད། བོད་མི་སྤྱི་དང་ལྷག་པར་དུ་གཞིས་ལུས་སྤུན་ཟླ་རྣམས་ལ་འགན་འཁུར་ཧ་ཅང་ཆེན་པོ་ཡོད་པས། བོད་མི་རྣམས་གནའ་དེང་གཉིས་ཀྱི་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཤེས་བྱར་སྔར་ལས་ལྷག་པའི་གོ་རྟོགས་གོང་མཐོར་གཏོང་རྒྱུ་དང་འབྲེལ་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱ་ཆེན་པོ་ལ་བསམ་གཞིགས་བྱེད་མ་ཐུབ་ན་རང་ཉིད་ཀྱི་སྡོད་གནས་ཁང་ཁྱིམ་ལྟ་བུ་ལ་ངོས་འཛིན་གྱིས་སྲུང་སྐྱོབ་ལ་འགན་འཁུར་དོན་ཕན་ལྡན་པ་ཞིག་བྱེད་རྒྱུ་དེ་ད་ལྟའི་དུས་སུ་གལ་ཆེན་རང་བཞིན་ཞིག་ཏུ་གྱུར་ཡོད།

ང་ཚོ་འགྲོ་བ་མི་གཙོས་པའི་སྲོག་ལྡན་ཚང་མའི་འཚོ་གནས་བྱ་ས་དེ་ཁོར་ཡུག་ཡིན་ལ། ང་ཚོ་ཇི་སྲིད་ནམ་གནས་བར་དུ་རང་བྱུང་ཁོར་ཡུག་དང་ཁ་བྲལ་ནས་འགྲོ་ས་མེད། རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་དང་ཐོན་ཁུངས་ལ་ཐོག་མ་ཉིད་ནས་འགན་འཁུར་ཅི་ཡང་མེད་པར་ཚད་ལས་འདས་པའི་སྔོག་འདོན་དང་གཏོར་བརླགས་བཏང་ཡོད་པ་ད་ཆར་རྒྱ་ནག་རང་ལ་ཐད་ཀར་རང་བྱུང་ཁམས་ཀྱི་དཀའ་ངལ་ཡང་ཡང་འཕྲད་དུས་ཅི་བྱ་ལྟོས་བྲལ་དུ་གྱུར་ཡོད་པ་རེད། གལ་སྲིད་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཚོ་མིའི་མཚན་ཉིད་ཚང་སྟེ་ད་ལྟ་དང་འབྱུང་འགྱུར་འགྲོ་བ་མིའི་བདེ་འཇགས་དང་འཚོ་གནས་ཆེད་དུ་འགན་འཁུར་གྱིས་ལས་དོན་བྱེད་ཀྱིན་ཡོད་ན། བོད་ཀྱི་རང་བྱུང་ཁོར་ཡུག་ལ་དམིགས་བསལ་གྱི་འགན་འཁུར་དང་ཚུལ་ལྡན་གྱི་སྲུང་སྐྱོབ་ལེགས་པོ་ཞིག་བྱེད་དགོས་པ་གལ་ཆེའི་རང་བཞིན་ཞིག་ཆགས་ཡོད།།

ཐེངས་ 42203 བཀླགས་འདུག