Donate

བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཅན་གྱི་བྱ་སྤྱོད་མང་པོ་རྩད་ཆོད་བྱུང་འདུག

རྒྱ་ནག་གཞུང་གིས་ད་བར་ངོས་ལེན་མ་བྱས་བའི་མཐར་ད་ཆ་གཞི་ནས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཅན་གྱི་བྱ་སྤྱོད་མང་པོ་རྩད་ཆོད་བྱུང་འདུག རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་། ཆུ་རག་འཛུགས་བསྐྲུན། ནགས་ཚལ་གཅོད་བྲེགས། ཞིང་འབྲོག་མི་མང་གྲོང་བརྡལ་དུ་གནས་སྤོ་བྱ་རྒྱུ་སོགས་ཀྱི་ལས་གྲ་ལ་བརྟེན་ནས་བོད་ཀྱི་རྩྭ་ཐང་བྱེ་ཐང་དུ་གྱུར་བ་དང་། གཙང་ཆུ་སྦག་གཙོག་བཟོ་བ། དེ་བཞིན་བོད་མཐོ་སྒང་གི་འཁྱགས་རོམ་བཞུར་ཚད་ཛ་དྲག་ཏུ་འགྱུར་བཞིན་པ་བཅས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་ཚབས་དང་གཏོར་སྐྱོན་ཚད་མེད་བྱུང་བཞིན་པའི་སྐོར་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་ནས་ལོ་མང་རིང་བློ་འཚབ་ཀྱིས་སྐྱོན་བརྗོད་བྱེད་བཞིན་ཡོད་ཅིང་། རྒྱ་ནག་གཞུང་ནས་ད་ཕན་སྐྱོན་བརྗོད་དེ་དག་ལ་ངོས་ལེན་བྱེད་སྲོལ་མེད་ཀྱང་ཉེ་ཆར་རྒྱ་ནག་རང་ངོས་ཀྱི་ཆེད་བཙུགས་བྱས་པའི་རྒྱལ་ཡོངས་ཁོར་ཡུག་རྟོག་ཞིབ་ཚོགས་པ་ཞིག་གིས་བོད་ནང་ཞིབ་འཇུག་སྤེལ་བའི་བསྙེས་དོན་དུ་བོད་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་དེ་མང་ཚོགས་ཀྱི་མངོན་འདོད་དང་དེ་བཞིན་རྒྱ་ནག་དབུས་གཞུང་གི་གཏན་འབེབས་བྱས་པའི་ཁོར་ཡུག་སྲོུང་སྐྱོབ་ཀྱི་སྒྲིག་ཁྲིམས་དང་མཐུན་གྱི་མེད་ལུགས་ངོས་ལེན་བྱས་ཡོད་འདུག
སྔ་ལོ་ཕྱི་ཟླ་ ༨ པའི་ནང་། རྒྱ་ནག་དབུས་གཞུང་གི་ཁོར་ཡུག་ལས་ཁུངས་ནས་བོད་ཐེ་བས་ཞིང་ཆེན་བརྒྱད་ནང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཚགས་ཚུད་ཇི་ལྟར་ཡོད་མིན་སྐོར་རྒྱལ་ཡོངས་ཞིབ་འཇུག་ཚོགས་པ་ཞིག་མངགས་གཏོང་བྱས་ཏེ་དུས་ཡུན་ཟླ་བ་གཅིག་རིང་ཞིབ་འཇུག་བྱས་ཡོད་ལུགས་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
འདི་ཚེས་༣་རེས་གཟའ་ལྷག་པའི་ཉིན་ཞིབ་འཇུག་ཚོགས་པ་དེས་བོད་ཀྱི་རྒྱལ་ས་ལྷ་སར་ཞིབ་འཇུག་གི་གྲུབ་དོན་གསལ་བསྒྲགས་བྱས་ཡོད་པའི་ནང་། ཞིབ་འཇུག་ཚོགས་པ་དེས་བོད་ནང་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཅན་གྱི་བྱ་སྤྱོད་མང་པོ་རྩད་ཞིབ་བྱུང་བའི་ཁྲོད། སྔ་ལོ་ཕྱི་ཟླ་ ༡༠ པའི་ཚེས་ ༣༡ བར་ཁོར་ཡུག་ལ་གནོད་འཚེ་ཅན་གྱི་གནད་དོན་ ༡༠༢༠ གཙང་སེལ་བཟོ་ཐུབ་ཡོད་པ་དང་། དེ་བཞིན་བཟོ་ཚོང་ལས་ཁང་དང་བཟོ་གྲྭ་ཁྱོན་ ༨༨༢ ལ་ཁོར་ཡུག་སྲུང་སྐྱོབ་དང་མཐུན་པའི་ལས་དོན་ཡར་རྒྱས་གཏོང་དགོས་པའི་བཀོད་ཁྱབ་བཏང་བ་དང་། གཞན་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྒྲིག་ལ་འགལ་འཛོལ་བྱས་པ་དང་འབྲེལ་བའི་གནད་དོན་ ༧༨༤ ལ་ཁྱོན་མ་གནས་ཨ་སྒོར་ས་ཡ་༤་ལྷག་གི་མ་དངུལ་ཆད་པ་བཀལ་ཡོད་པ་མ་ཟད། བོད་ཀྱི་ས་ཁུལ་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྒྲིག་དང་འགལ་བའི་ནག་ཉེས་འོག་མི་གཉིས་དོ་དམ་འཛིན་བཟུང་བྱས་ཡོད་པའི་ཁར་གཞན་མི་གྲངས་ ༡༤༨ ལ་ཁྲིམས་ཐོག་ནས་ཞིབ་བཤེར་བྱེད་བཞིན་ཡོད་པ་བརྗོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བོད་སྐད་སྡེ་ཚན་གྱི་དྲ་གནས་ལས་དྲངས།

ཐེངས་ 42365 བཀླགས་འདུག