Donate

བོད་ཀྱི་སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ།

སྲོལ་རྒྱུན་བོད་ཀྱི་ཆོས་དང༌། རིག་གཞུང༌། གོམས་གཤིས། ཡུལ་སྲོལ་སོགས་ཀྱི་ཐད་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་བའི་འདུ་ཤེས་ནི་བོད་མིའི་རྒྱུད་ལ་ཡོད་པའི་ལྷན་སྐྱེས་ཀྱི་བག་ཆགས་བཟང་པོ་དང༌། ཤེས་བྱ་ཞིག་ཆགས་ཡོད་ཅིང༌། དེ་ཡང་གདོད་མའི་བོད་ཀྱི་ཆོས་ལུགས་གཡུང་དྲུང་བོན་ནས་དར་ཡོད་པ་རེད།བོན་གྱི་སྟོན་པ་གཤེན་རབ་ཀྱིས་འཇིག་རྟེན་འདིའི་སྒང་ལ་སྐྱེ་དངོས་ཡོད་ཚད་ལ་ཚེ་སྲོག་ལྡན་ཡོད་པའི་གནོད་འཚེ་བྱ་མི་རུང་བ་སོགས་གསུངས་ཤིང༌། ལྷག་པར་དུ་ས་ལ་གནས་པའི་ས་ལྷ་དང༌། རི་ལ་གནས་པའི་གཞི་བདག ཡུལ་ལ་གནས་པའི་ཡུལ་ལྷ། ཆུ་ལ་གནས་པའི་ཀླུ། བྲག་ལ་གནས་པའི་བཙན་སོགས་ཡོད་པ་བཤད་ལ། རི་ཀླུང་ས་བསྐོ་རྡོ་སློག་དང་ཤིང་ནགས་གཅོད་འབྲེག་བྱས་ན་ཡུལ་ལྷ་དང༌། ས་ལྷ། གཞི་བདག་གིས་ཀོ་ལོང་ཕྲག་དོག་བྱས་ཏེ་གནོད་པ་ཡོང་བ་དང༌། ཆུ་མགོ་དང་ཆུ་བོ་བཙོག་པ་བཟོས་ན་ཀླུའི་གནོད་པ་ཡོང་བ། བྲག་རོང་དང་ས་བཙན་ས་རིགས་ལ་བཙན་གནས་ཡོད་པས་རྩི་ཞིང་གཅོད་འབྲེག་བྱས་ན་བཙན་གྱིས་གནོད་པ་ཡོང་བ། རི་སྐྱེས་སྲོག་ཆགས་སོགས་རྔོན་རྒྱག་བྱ་མི་རུང་བ་དེ་དག་ཚང་མ་ཡུལ་ལྷ་གཞི་བདག་གི་སྒོ་ཁྱི་སྒོ་ཟོག་ཡིན་པ་མ་ཟད། དེ་བཞིན་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་དང་སྲོག་གཅོད་བྱས་ན་ཉེས་པ་ལྷག་པར་ཆེན་པོ་ཡོད་པ་བཤད།

རྒྱུན་དུ་ལྷ་ཀླུ་གཞི་བདག་སོགས་ལ་བསངས་གསོལ་དང་བསྟོད་བསྟོད་མཆོད་མཆོད་བྱས་ན་མི་དང་རང་བྱུང་ཁམས་བར་འཆམ་མཐུན་ཡོང་བས་ཡུལ་ལ་བཀྲིས་ལོ་ལེགས་དང༌། ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་ཡོང་བ་བཤད་ཅིང༌། དཔེར་ན་ས་ཁང་ཁྱིམ་སོགས་གནས་སྤོས་བྱེད་དགོས་ན་ས་བདག་ཀླུ་གཉན་སོགས་ལ་ཕོག་ཐུག་མི་འགྲོ་བའི་ཆེད་ཏུ་གནས་སྤོ་བའི་ཉིན་གཟའ་སྐར་འཕྲོད་སྦྱོར་ལེགས་པོ་ཡིན་པ་གང་ཞིག་ལ། གནས་སྤོ་ཡུལ་དུ་བསངས་གསོལ་སོགས་བྱེད་སྲོལ་ཡོད་པ་རེད། དེ་ལྟ་བུ་བོད་མིའི་རང་བྱུང་ཁམས་ལ་ལྟ་བའི་རྩ་ཆེན་གྱི་འདུ་ཤེས་འདི་རིགས་གཡུང་དྲུང་བོན་གྱི་ཆོས་ལུགས་ཀྱི་ལྟ་བའི་རྨང་གཞིའི་ཐོག་ནས་དར་ཡོད་པ་དང༌། དམ་པའི་ཆོས་བོད་དུ་དར་རྗེས་བོད་མི་རྣམས་རང་བྱུང་ཁམས་ལ་ལྟ་བའི་འདུ་ཤེས་དང་སྲུང་སྐྱོབ་ཀྱི་བསམ་བློ་སོགས་སྔར་ལས་ལྷག་པའི་ཇེ་བཟང་དུ་གྱུར་ཡོད་པ་དང༌། སྤྱིར་ནང་པའི་ཆོས་ཀྱི་ཐོག་ནས་བཤད་ན་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་བར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་ཟབ་ཡོད་པ་བཤད་ཅིང༌། ནང་པ་སངས་རྒྱས་པའི་ལྟ་གྲུབ་ཐོག་ནས་བཤད་ན་ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་བ་མེད་པ། རྒྱུན་དུ་རང་ལས་གཞན་གཅེས་པར་འཛིན་པའི་བསམ་བློའི་འདུ་ཤེས་ལྡན་པ། བྱམས་པ་དང་སྙིང་རྗེ་ལྡན་པ། མདོར་ན་འགྲོ་བ་སེམས་ཅན་ཐམས་ཅད་ལ་མ་ལྟར་བྱམས་པའི་བརྩེ་བ་དང༌། འདོད་ཆུང་ཆོག་ཤེས་སོགས་བྱེད་དགོས་པ་གསུངས་ཡོད་པའི་བོད་མི་རིགས་ལ་དེ་འདྲའི་ལྟ་བའི་རྨང་གཞིའི་ཐོག་སྐྱེ་ཁམས་ཁོར་ཡུུག་ལ་གནོད་འཚེ་དང་གཏོར་བརླགས་གཏོང་བར་འཛེམས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པས། སྲུང་སྐྱོབ་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

ལྷག་པར་དུ་སེམས་ཅན་གཞན་དང་སྲོག་ཆགས་འབུ་སྲིན་ཕྲ་མོ་ཚུན་ཆད་ཀྱི་ཚེ་སྲོག་ལ་བརྩི་མཐོང་ཆེན་པོ་བྱེད་པ་དང༌། གཞན་ཕན་གྱི་བྱ་བ་བྱས་ན་རང་ཉིད་འདི་ཕྱི་གཉིས་ཀ་ལ་མི་ཚེ་དོན་དང་ལྡན་པ་ཞིག་ཆགས་པ་སོགས་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་མཁན། སྡིག་སྤོང་དགེ་སྒྲུབ་བྱས་ཏེ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པས། དེ་ལྟ་བུ་ལྷན་སྐྱེས་ཀྱིས་བསམ་བློའི་འདུ་ཤེས་ཀྱི་རི་སྐྱེས་སྲོག་ཆགས་དང་བྱ་དང་བྱིའུ། ཉ་སོགས་སེམས་ཅན་གྱི་ཚེ་སྲོག་ལ་གནོད་འཚེ་སྤངས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་བདག་གཅེས་ལེགས་པོ་བྱས་ཏེ་མི་དང་མཉམ་དུ་ཞི་བདེ་བག་ཕེབས་ངང་གནས་པ་དང༌། སེམས་ཅན་དེ་རྣམས་རང་ཉིད་ཀྱི་འཚོ་གནས་ཆེད་འཇིག་རྟེན་ཁམས་ལ་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཆོས་དགེ་བ་དང་རིམ་འགྲོ།

དེ་བཞིན་བསངས་གསོལ་བྱས་ཏེ་རང་བྱུང་ཁམས་ཀྱི་བདག་པོ་ལྷ་ཀླུ་གཞི་བདག་ལ་བསྙེན་བཀུར་དང༌། སྐུ་གསུང་ཐུགས་རྟེན་བཞེངས་ཏེ་འཛམ་གླིང་ཞི་བདེ་དང༌། རང་བྱུང་ཁམས་ཀྱི་གནོད་འཚེ་དང་གདོན་གེགས་བར་ཆད་ཐམས་ཅད་འགཽག་ཐབས་བྱེད་པ་སོགས་བོན་དང་དམ་པའི་ཆོས་ཀྱི་གཞི་རྩའི་ལྟ་གྲུབ་ཀྱི་ཐོག་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་གཅེས་སྤྲས་དང་ནུས་པ་གལ་ཆེན་ཐོན་བཞིན་མཆིས། ད་དུང་རང་བྱུང་ཁམས་ཀྱི་གྲུབ་ཆ་གཙོ་བོ་འབྱུང་བ་ལྔ་ལ་ལྷ་རེ་ཡོད་པ་འདུ་ཤེས་འཛིན་གྱི་ཡོད་པ་རེད། ལྷག་པར་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་བཙན་པོ་དང་རྒྱལ་པོ་རིམ་བྱོན་གྱིས་རྒྱལ་ཁམས་ཀྱི་ཁྲིམས་སྲོལ་གཏན་འབེབས་མཛད་ཡོད་པའི་ཁྲིམས་ཡིག་ནང་རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དགོས་པ་སོགས་འཁོད་ཡོད་པ་རེད།

དེ་ལ་བརྟེན་ནས་བོད་མི་ཐམས་ཅད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་ཡོང་བར་བག་ཆགས་གཏིང་ཟབ་ལྡན་ཡོད་ལ། དཔེར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཁྲིམས་སྲོལ་མི་ཆོས་གཙང་མ་བཅུ་དྲུག་དང༌། ཁྲིམས་ཆེན་བདུན་སོགས་ཀྱི་ཁྲིམས་སྲོལ་ནང་སྲོག་གཅོད་སྤོང་བ། བསམ་བློ་དང་བྱ་སྤྱོད་དྲང་བཞག་བྱེད་པ། ཡ་རབས་སྤྱོད་བཟང་ལྡན་པ་ཞིག་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད། དེ་བཞིན་རི་སྐྱེས་སྲོག་ཆགས་ནི་རྒྱལ་པོའི་དཀོར་ནོར་ཡིན་པ་སོགས་འཁོད་ཡོད་པ་རེད། ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་སྲིད་སྐྱོང་བའི་དུས་སྐབས་སུ་སྐྱེ་ཤིང་ལྕང་མ་སྐྱེ་ངེས་འབུམ་ཕྲག་གཉིས་རེ་ལོ་རེ་བཞིན་དམ་བཅའ་བྱས་ནས་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས་པའི་ཁྲིམས་སྲོལ་གསར་བཏོད་མཛད་ཡོད།

དེ་རྗེས་རྒྱལ་བ་སྐུ་ཕྲེང་ལྔ་པའི་དུས་སུ་གཏན་ལ་ཕབས་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་ནང་དུ་རི་རྒྱ་ཀླུང་རྒྱ་བསྡམས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲིམས་སྲོལ་གཏན་འབེབས་མཛད། དུས་དེ་ནས་བཟུང་དགའ་ལྡན་ཕོ་བྲང་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གྱི་ཁྲིམས་སྲོལ་དེ་བོད་ས་མ་ཤོར་བར་དུ་རྒྱུན་འཁྱོངས་ལག་བསྟར་བྱས་ཡོད་པ་དང༌། ཕྱི་ལོ་ ༡༩༤༤ ལོར་རྒྱལ་པོ་སྟག་བྲག་རིན་པོ་ཆེ་མཆོག་གིས་རི་ཀླུང་རྩ་ཚིག་ཟེར་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་གཞི་གསར་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་བཞིན་བོད་ཀྱི་དགོན་སྡེ་མང་པོའི་བཅའ་ཡིག་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དགོས་པ་སོགས་འཁོད་ཡོད་པ་དང༌། ཡུལ་སྡེ་སོ་སོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་གཞི་སོགས་ཡོད་པ་མ་ཟད། ཡུལ་ལུང་ལ་རྔོན་རྒྱག་མཁན་བྱུང་ན་དེ་ལ་རིགས་ངན་པ་བརྩི་བ་དང༌། ཁྲིམས་གཅོད་ཉེས་ཆད་སོགས་གཅོད་སྲོལ་ཡོད་པ་རེད།

མདོར་ན་བོད་ནི་འཛམ་གླིང་ནང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་གཞི་གཏན་འབེབས་བྱེད་མཁན་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་པ་རེད། བོད་ཀྱི་ཆོས་དང་རིག་གནས་ཐམས་ཅད་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བསམ་བློའི་འདུ་ཤེས་དམིགས་བསལ་གྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད་པ་དང༌། དཔེར་ན་རྣམ་ཐར་དང༌། སྐྱེས་རབས། གསུང་རྩོམ། རྒྱལ་རབས། ལོ་རྒྱུས། སྙན་རྩོམ་སོགས་ནང་སྐྱེ་ཁམས་ཁོར་ཡུག་དང་ཡུལ་ལྗོངས་ལ་བསྟོད་པ་རང་བྱུང་ཁམས་ཀྱི་བཀོད་པ་སོགས་འབྲི་སྲོལ་ཡོད་པ། ལྷ་རིས་དང་རི་མོའི་སྒྱུ་རྩལ་ནང་རང་བྱུང་ཁོར་ཡུག་མཛེས་ལྗོངས་འབྲི་རྒྱུ་དེ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ། མགུར་གླུ་དང༌། ཟློས་གར། གླུ་གཞས་སོགས་ཀྱི་ནང་རང་བྱུང་ཁོར་ཡུག་ལ་བསྟོད་དབྱངས་ལེན་སྲོལ་ཡོད་པ་སོགས་བོད་ཀྱི་སྲོལ་རྒྱུན་ཆོས་རིག་གོམས་གཤིས་ཀྱི་ཐོག་རང་བྱུང་ཁོར་ཡུག་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་སྲོལ་ཡོད་པ་ལྷན་སྐྱེས་ཀྱི་བག་ཆགས་བཟང་པོ་ཞིག་ཡོད་པས། ཁོར་ཡུག་སྲུང་སྐྱོབ་ཀྱི་བསམ་བློའི་འདུ་ཤེས་ཧ་ཅང་ཆེན་པོ་ལྡན་ཡོད། རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་པས་བོད་ས་མ་ཤོར་བར་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་སྐྱོན་ཕྲ་མོ་ཙམ་ཤོར་མེད་པ་ཀུན་གྱིས་མཁྱེན་གསལ་རེད།

ཐེངས་ 42256 བཀླགས་འདུག