Donate

བོད་ནང་བོད་མི་ཚོས་འཛམ་གླིང་སའི་གོ་ལའི་ཉིན་མོ་སྲུང་བརྩི།

བོད་ནང་བོད་མི་ཚོས་འཛམ་གླིང་སའི་གོ་ལའི་ཉིན་མོ་སྲུང་བརྩི།

དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། བོད་ནང་གི་ས་ཁུལ་ཁག་གཅིག་གི་ནང་བོད་མི་ཚོས་སྤྱི་ཟླ་༤བའི་ཚེས་༢༢ཉིན་འཛམ་གླིང་སའི་གོ་ལའི་ཉིན་མོ་སྲུང་བརྩི་ཆེད་ཁོར་ཡུག་གཙང་བཟོ་དང་། དྲ་ལམ་ཁག་ལ་ཁོར་ཡུག་དང་འབྲེལ་བའི་རྩོམ་ཡིག་སྤེལ་བ་སོགས་ཀྱི་རྣམ་པ་མཐོང་རྒྱུ་འདུག
World Earth Day In Tibet 2ཉིན་དེར་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་ཁོངས་གཏོགས་ཆོས་འཁོར་སློབ་ཆུང་གི་བོད་རིགས་སློབ་ཕྲུག་དང་། དགེ་རྒན་ཚོས་སྣེ་ཁྲིད་ཀྱིས་བོད་མི་ཚོས་བོད་ལྭ་གྱོན་ཏེ་ས་གནས་ཀྱི་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་ནས་འཛམ་གླིང་སའི་གོ་ལའི་ཉིན་མོ་སྲུང་བརྩི་གནང་།

ལས་འགུལ་སྐབས་ཁོང་ཚོས་འཕྲེད་དར་ཐོག་༤བའི་༢༢འཛམ་གླིང་གི་ས་སྒང་སྲུང་སྐྱོབ་ཉིན་མོར་ཁོར་ཡུག་གཙང་དག་བཟོས་ནས་རང་གཞན་ཀུན་གྱི་བདེ་ཐང་ལ་འགན་ལེན་བྱེད་པ་ཞེས་འཁོད་པ་དང་མཉམ་ས་གནས་ཀྱི་གད་སྙིགས་མང་པོ་གཙང་བཟོ་དང་། འགྱིག་རྫས་རིགས་མེར་བསྲེགས་བཏང་ནས་ཉིན་གང་ཁོར་ཡུག་གཙང་བཟོ་བྱས་ཡོད་པ་རེད།

World Earth Day In Tibet 4ས་གནས་བོད་མི་ཞིག་གིས་བརྗོད་དོན། དེང་སྐབས་ཆ་འཕྲིན་དུས་རབས་ལ་བོད་ནང་གི་བོད་མི་ཚོ་ཁོར་ཡུག་སྲུང་སྐྱོབ་དང་གཙང་བཟོའི་ལས་འགུལ་ཐད་དོ་སྣང་ཇེ་ཆེར་ཡོང་བཞིན་པ་དང་། དེང་སྐབས་བོད་མི་ཚོས་འབྲོག་ཁུལ་རྩ་ཐང་སོགས་ལ་ཡང་གད་སྙིགས་གཙང་བཟོའི་བྱ་འགུལ་སྤེལ་བཞིན་པ་ཡང་ཡང་མཐོང་རྒྱུ་འདུག་ཅེས་བརྗོད་ཡོད།

གོང་གི་སའི་གོ་ལ་ཉིན་མོ་ནི། ལོ་རེའི་སྤྱི་ཟླ་༤པའི་ཚེས་༢༢ ཉིན་འཛམ་གླིང་ཡོངས་ཁྱབ་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་ལས་འགུལ་སྣ་མང་སྤེལ་བའི་ཉིན་མོ་ཞིག་ཡིན། དེ་ནི་ཐོག་མར་ ༡༩༦༩ ལོར་ཨ་རིའི་སན་ཧྥ་རན་སི་ཀོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིUNESCOགི་ལྷན་ཚོགས་ཤིག་གི་ཐོག་སྐུ་ཞབས་ཇོན་མེ་ཁི་ཀོན་ནལ་John McConnell མཆོག་གིས་ཞི་བདེའི་རྣམ་པ་མཚོན་ཆེད་སའི་གོ་ལའི་ཉིན་མོ་ཟེར་བ་ཞིག་དགོས་ལུགས་གྲོས་འཆར་བཏོན་པ་ལྟར་གཏན་འབེབས་བྱུང་བ་རེད།

World Earth Day In Tibet 3ཐོག་མར་སའི་གོ་ལ་ཉིན་མོ་འདི་ཨ་རི་ནང་ཁུལ་གྱིས་སྲུང་བརྩི་དར་སྲོལ་ཤུགས་ཆེ་ཤོས་ཤིག་ཡིན་རུང་། རིམ་བཞིན་ད་ཆ་སའི་གོ་ལའི་ངོས་སུ་གནས་པའི་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་ཁྱབ་ནས། ཉིན་འདིར་ཁོར་ཡུག་ལ་གཅེས་འཛིན་དང་སྲུང་སྐྱོབ་དགོས་པའི་དྲན་གསོ་གྱི་ཉིན་མོ་སྲུང་བརྩི་བྱས་དང་བྱེད་བཞིན་པའི་ལས་འགུལ་ཞིག་ཡིན་པ་རེད།

གནས་ཚུལ་ཡོང་ཁུངས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཐེངས་ 42302 བཀླགས་འདུག