Donate

བོད་ནས་བྱུང་བའི་གཏེར་ཆུ་དང་། ཆུ་ལོངས་སུ་སྤྱོད་མཁན་ཧོང་ཁོང་བས་ཁོར་ཡུག་གི་གོད་ཆག་གང་ཞིག་སྐྲུན་བཞིན་པ།

ཨི་ལའ་རི་ཡ་མར་རི་ཡ་སཱ་ལ་ (Ilaria Maria Sala) ཡིས་བྲིས། གཏེར་ཆུ་དེ་དག་ཡིད་དུ་འོང་བའི་ཤེལ་དམ་གྱི་ནང་དུ་ཡོང་གི་ཡོད་ཅིང་། དབོར་འདྲེན་བྱེད་སྐབས་སུ་དྭངས་ཤིང་གསལ་བའི་ཤེལ་དམ་ལས་ནང་གི་ཆུ་དེ་ལྷད་མེད་གཙང་བསིལ་ཇི་ཙམ་ཡིན་པ་མཐོང་ཐུབ། ཨེ་ཤི་ཡའི་ཕྱུག་བདག་སྨྱོན་པ་དེ་ཚོས་བྱང་སྣེའི་དོམ་གྱི་འཚོ་གནས་ཀྱི་བདག་དབང་ཁྱོད་ཀྱི་མདུན་ཅོག་ཐོག་ཏུ་འཁྱེར་ཡོང་ཞིང་། ས་གནས་ཀྱི་མི་སྨྱོན་པ་ཚོར་འཚོང་བར་བྱེད། གང་ལྟར་ཉེ་བའི་ལོ་ཤས་ནང་སྣ་ཚོགས་ཚོང་ཁང་མང་པོ་ཞིག་གིས་གཏེར་ཆུའི་ཤེལ་དམ་འཚོང་སའི་ཡན་ལག་ཚོང་ཁང་ལ་རྒྱབ་སྐྱོར་བྱེད་ཅིང་། དེས་ཁོང་ཚོའི་ཚོང་ར་རྒྱུན་གནས་ལ་གནོད་བཞིན་མཆིས་ཀྱང་དེ་ནི་ཁོར་ཡུག་རང་བཞིན་གྱི་དཀའ་ངལ་ཞིག་རེད། དེ་ནི་ ༢༠༡༦ ལོར་འགོ་བཙུགས་ཤིང་ཧོང་ཁོང་དུ་ཐོ་འགོད་ཟིན་པ་བོད་ཀྱི་ཆུའི་ཐོན་ཁུངས་ཟེར་བ། རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊར་ ༥༡༠༠ ཡོད་པའི་བོད་ཀྱི་འཁྱགས་རོམ་ལས་བྱུང་པའི་ཆུ། བོད་ ༥༡༠༠ (Tibet 5100) ཞེས་པའི་གཏེར་ཆུ་བླུགས་པའི་ཤེལ་དམ་སྐྲུན་མཁན་ཞིག་རེད། སྐབས་དེར་ཧོང་ཁོང་ལ་ཧོང་ཁོང་ཌོ་ལར་ (HK$) ༣‚༠༢ ལ་འཚོང་གྱི་ཡོད། བཟོ་གྲྭ་དེའི་སྙན་ཐོ་གསར་ཤོས་ལྟར་ན་ “ལོ་རེར་རྒྱ་ཆའི་ལྔ་འཕར་བས་ཚོང་ནི་ཡག་པོ་འདུག” ཅེས་ཟེར།

འགྱིག་སྣོད་དུ་ཡོད་པའི་གཏེར་ཆུ།

ཁྱེད་ཀྱིས་ཆེ་ཆུང་མི་འདྲ་བ་གཉིས་ཀྱི་གཏེར་ཆུ་དེ་དག་སྣ་ཚོགས་ཚོང་ར་ཕལ་མོ་ཆེར་མཐོང་ཐུབ། (1.5 L) གཏེར་ཆུའི་འགྱིག་དམ་དེ་ཧོང་ཁོང་ཌོ་ལར་ (HK$) ༡༣‚༥ ལ་འཚོང་གྱི་ཡོད་པ་དང་། དེ་ལས་ཆུང་བ་ (500 ml) ཡོད་པའི་གཏེར་ཆུའི་རིན་ཐང་ནི་ཧོང་ཁོང་ཌོ་ལར་ (HK$) ༠༨ རེད། དེ་དག་ (Svalbardi insanity)  དང་མི་འདྲ་བ་ནི་དེ་ཚོ་ཤེལ་དམ་ནང་མེད་པར་འགྱིག་དམ་ནང་དུ་ཡོད་པས་རེད། དེའི་གཉིས་ཀ་ཁོར་ཡུག་ཀྱི་ཁུར་པོ་དང་། འགྱིག་ནི་གནོད་ཚབས་ཆེ་བ་ཡིན། ཤེལ་ནི་ལྕི་མོ་ཡིན་ཞིང་བཞུ་བླུག་གིས་རྒྱུ་ཆ་གཞན་ཞིག་བཟོ་བར་རྡོ་སོལ་མང་པོ་དགོས་པ་རེད། འགྱིག་ནི་རྡོ་རྗེ་ཕ་ལམ་ཞིག་དང་འདྲ་སྟེ་ཇི་སྲིད་བར་གནས་ངེས་རེད། འགྱིག་རིགས་ཇི་ཙམ་གནས་པ་དེ་ཙམ་དུ་ཆུ་ནང་དུ་དུག་རྫས་གཏོང་བར་བྱེད་ཅིང་། དེ་ནས་ཉེ་སའི་ཁོར་ཡུག་ཀུན་ཏུ་ཡང་གཏོང་བར་བྱེད། ཚོག་དཔག་ལྟར་ན་འགྱིག་རིགས་ཤིག་འཐོར་ཞིག་ཏུ་འགྲོ་བར་ལོ་ ༤༥༠ ཙམ་འགོར་བར་ཡང་བཤད།

དམ་བེ་དེ་དག་གི་སྐོར་གྱི་སེམས་ཁྲལ་དེ་མཚོ་བོད་མཐོ་སྒང་གི་ཆུ་འགྱིག་སྣོད་དུ་འགྲོ་བ་ཙམ་མ་ཡིན་པར་ཧི་མ་ལ་ཡ་ཧྲིལ་པོ་དང་། དམིགས་བསལ་བོད་པའི་ས་ཁུལ་ཁག་གཏེར་ཆུའི་ཆེད་འཁྱགས་རི་བཞུ་བ་སོགས་ཁོར་ཡུག་གི་གནོན་ཤུགས་ཤིན་ཏུ་ཆེན་པོའི་འོག་གནས་ཡོད།

རྒྱ་ནག་ནང་བཟའ་བཅའ་དང་ཆུའི་བདེ་འཇག་ལ་དོ་ཁུལ་བྱས་པ་དང་། བོད་ཀྱི་མངའ་སྡེའི་གཞུང་ཁག་གིས་ཚོང་ལས་ཀྱི་གོ་སྐབས་བཟང་པོར་མཐོང་སྟེ་ལོ་བཅུ་ཙམ་གྱི་སྔོན་ནས་ས་ཁུལ་གྱི་ཆུ་མིག་རྣམས་བཟོ་གྲྭའི་བཤུ་གཞོག་ལ་སྒོ་ཕྱེ་རྒྱུར་འགོ་བཙུགས་ཏེ་ ༢༠༡༤ ལོའི་ལོ་མཇུག་བར་ཁེ་ལས་ ༢༨ ལ་ལས་གཉེར་ཆོག་མཆན་སྤྲད་ཚར་ཡོད།

བོད་ནང་གི་འཁྱགས་རོམ་ཞིག པར། ཕི་ཟཱ་བྷེའེ། (Pixabay)

འཛིན་སྐྱོང་འགན་འཛིན་ཝང་དྷོན་དང་བརྗེ་པོ་རྒྱབ་པའི་འགན་འཛིན་ཟུར་པ་ཧྥུ་ལཱིན་ (Fu Lin) ཞེས་པའི་སྐབས་བོད་ཀྱི་ཆུའི་འབྱུང་ཁུངས་དེ་ཡོངས་ཁྱབ་ཏུ་འགྲོ་མགྱོགས་ཤོས་སུ་གྱུར་ཡོད་ཅིང་། ཚོགས་མིའི་གྲས་སུ་ཧོང་ཀོང་ནས་འགའ་ཞིག་དང་། ཕྱི་རྒྱལ་ནས་མ་མཐར་ཡང་མི་གཅིག་ཡོད་ཀྱང་བོད་རིགས་གཅིག་ཀྱང་མི་འདུག

འདི་ནི་དེ་སྔོན་རྒྱ་ནག་གི་མེ་འཁོར་ལྕགས་ལམ་ལྷན་ཚོགས་ལ་ཁེ་སྤོགས་ཐོག་ནས་འབྲེལ་བ་ཡོད་ཀྱང་། ལྷན་ཚོགས་དེར་ལྐོག་བཟའི་གནས་དོན་བྱུང་བ་ནས་བཟུང་འབྲེལ་མེད་དུ་བསྡད་པ་རེད་འདུག ད་དུང་བོད་ ༥༡༠༠ (Tibet 500) ཡིས་ ༢༠༢༥ བར་དམ་བེ་མི་ཊར་གྲུ་བཞི་མ་ས་ཡ་བཅུ་ཐོན་སྐྱེད་བྱས་ཏེ་འཛམ་གླིང་ཁྱོན་ལ་ཕྱིར་འཚོང་བྱ་རྒྱུའི་དམིགས་ཡུལ་ཡོད་པ་རེེ་འདུག

ཁེ་ལས་གཞན་ཞིག་སྟེ་ཇོ་མོ་གླང་མའི་འཁྱགས་རོམ་ཁེ་ལས་ (Qomolangma Glacier Company) ཞེས་པའི་ཡན་ལག་ཇོ་མོ་གླང་མའི་སྒར་ཚུགས་ལས་ཁཱི་ལོ་མི་ཊར་ (km) ༨༠ ཙམ་གྱི་སར་ཡོད་ཅིང་རྒྱལ་ཁབ་ཀྱིས་རང་བྱུང་དགོས་མཁོ་ཟུར་འཇོག་བྱེད་ས་ཡིན་ཁུལ་བྱེད་པ་དེའི་མིང་ལ་ “ཇོ་མོ་གླང་མ་” ཞེས་བོད་པའི་ཐ་སྙད་བེད་སྤྱོད་བྱེད་ཀྱི་འདུག འདིའི་ཐོན་སྐྱེད་རྣམས་ད་དུང་ཧོང་ཁོང་དུ་ཚོང་སྒྱུར་བྱེད་ཀྱི་མེད།

བོད་པའི་འཁྱགས་རོམ་ལས་གཏེར་ཆུ་བཟོ་བའི་གནད་དོན་ཞིག་འདུག་གམ་ཞེ་ན། དེ་ནི་ཁྱོད་ཀྱིས་དེར་ལྟ་སྟངས་ལ་རག་ལས་པ་ལོས་ཡིན། བོད་རིགས་རྣམས་ཀྱིས་དེ་ནི་སྲིད་གཞུང་གིས་རྒྱབ་སྐྱོར་ཡོད་པའི་ཁེ་ལས་པ་རྣམས་མཚོ་བོད་མཐོ་སྒང་དུ་ཡོང་ནས་གནས་དེའི་གཏེར་ཁ་སྔོག་པ་སོགས་ཡོད་ཚད་རིན་མེད་དང་གང་འདོད་ཡིན་པའི་དཔེ་མཚོན་ཉེ་ཤོས་ཤིག་རེད་ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག་ཅིང་། དངུལ་ཁང་དུ་དངུལ་བཅུག་པའི་རྩིས་ཁྲ་ཁ་ཤས་ལྟར་ན་“བོད་ ༥༡༠༠” (Tibet 5100) ཡིས་ ༢༠༡༣ བར་ཁྲལ་དང་འགྲོ་གྲོན་གཞན་ཕུད་པའི་ཨ་སྒོར་ས་ཡ་ ༥༠ (US$50million) བྱུང་ཡོད་འདུག་མོད། བོད་རིགས་དེ་དག་གིས་རྩ་ཆེའི་འབྱུང་ཁུངས་དེར་དེ་ལྟ་བུའི་བཤུ་གཞོག་གཏང་རྒྱུའི་ཐག་གཅོད་ལ་ས་གནས་མི་མང་གིས་མོས་མཐུན་དང་ཆ་ཤས་བླངས་མེད་ཚུལ་གསལ་བརྗོད་གནང་བཞིན་མཆིས།

བོད་མཐོ་སྒང་། པར། ཕི་ཟཱ་བྷེའེ། (Pixabay)

ད་དུང་ཧི་མ་ལ་ཡའི་རུ་རྒྱུད་ཀྱི་ཆུ་བོའི་འབབ་རྒྱུན་ལ་འགྱུར་ལྡོག་བྱུང་བ་རྣམས་ནི་ཕལ་ཆེ་བ་བཟོ་གྲྭས་བཤུ་གཞོག་དང་། མིས་བཟོས་ཆུ་མཛོད་སོགས་ཀྱིས་རྐྱེན་དང་། འཛམ་གླིང་གི་ཚ་དྲོད་རྒྱས་བཞིན་པ་བཅས་ཀྱིས་ཡིན་སྐོར་ཁོར་ཡུག་ལ་ཉམས་ཞིབ་ཀྱིས་ཁུངས་བསྐྱེལ་ར་སྤྲོད་བྱས་འདུག་ཅིང་། དེས་ཧི་མ་ལ་ཡ་ནས་བྱུང་བའི་ཆུ་ལ་བརྟེན་དགོས་པའི་ལྷོ་དང་། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁག་རྣམས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་ཡང་བཤད་འདུག

བདུན་སྔོན་མའི་ནང་མཚོ་སྔོན་སྐྱེ་དགུ་མདོའི་ས་ཁུལ་ཞིག་ཏུ་སྔོ་རྩས་ཁེངས་པའི་ལུང་ཤོང་ཞིག་གི་མཐོ་ས་ཞིག་ནས་སྤང་རི་གས་འཐོར་གྱིས་བུ་ག་ཆེན་པོ་ཞིག་ལྡོར་བ་ལས་འདམ་སྙོག་དང་། སྤང་གས་ཆག་ཏུ་སོང་བའི་དུམ་བུ་སོགས་མཉམ་དུ་འདྲེས་པའི་འདམ་རུད་ཆེན་པོ་ཞིག་དལ་གྱིས་བཞུར་བཞིན་པ་ཕྱུགས་རྫི་འགས་བརྙན་དུ་བླངས་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་བྱུང་ཞིང་། ཉིན་ཤས་རྗེས་རྒྱ་ནག་གི་ཚན་རིག་པས་བརྙན་དེ་བདེན་པ་ཡིན་པ་གཏན་ཁེལ་བྱས་པ་དང་། དེ་ནི་མཐོ་སྒང་གི་གཏན་འཁྱགས་ཆགས་རིམ་གྱི་ཞུན་མ་ཡིན་ཞིང་། མེ་རི་ལས་ཐོན་པའི་རྡོ་ཞུན་འཁོལ་མ་ལྟར་འབབ་བཞིན་ཡོད་ཚུལ། དེ་ཡང་འདི་ལོར་ཁུལ་དེར་རྒྱུན་ལྡན་མིན་པའི་ཆར་ཞོད་ཆེ་བའི་སྟབས་ཀྱིས་ཡིན་སྐོར་འགྲེལ་བརྗོད་བྱས་སོང་ཞིང་། ཀན་སུའི་ཞིང་ཆེན་གྱི་རྐྱེན་ངན་གོད་ཆག་སྔོན་འགོག་བྱེད་མཁན་ཚན་རིག་པའི་འགོ་ཁྲིད་ཝང་བདེ་ཁེའེ་ (Wang Dekai) ཡིས་ཉེ་བའི་ལོ་ཤས་ནང་མཐོ་སྒང་གི་གཏན་འཁྱགས་ཆགས་རིམ་ཧ་ཅང་མྱུར་པོའི་ངང་ཞུ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

མཚོ་སྔོན་སྐྱེ་དགུ་མདོར་འདམ་རུད་རྒྱུག་བཞིན་པའི་རྣམ་པ།

ད་དུང་ང་ཚོས་རྙོག་འཛིང་ཆེ་ཞིང་འཇིགས་སླ་བའི་ཁོར་ཡུག་ལ་གནོད་ཤུགས་ལྕི་མོ་ཕོག་པའི་རྟག་མཚན་མངོན་བཞིན་པའི་སྐོར་སོགས་ལ་གསལ་པོར་ལྟ་བཞིན་ཡོད། ཆུའི་བཟོ་གྲྭ་རྣམས་ཀྱིས་པར་སྐྲུན་བྱས་ཤིང་གཏེར་ཆུ་འགྱིག་དམ་དུ་བཅུག་ཀྱང་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡང་ཐེབ་ཀྱི་མེད་སྐོར་གྱི་དཔྱད་ཞིབ་ལྟ་བུར་བརྟེན་ནས་བཟོ་གྲྭ་རྒྱ་སྐྱེད་བྱེད་པ་ནི་གླེན་རྟགས་སུ་མངོན། འོན་ཀྱང་ཧོང་ཁོང་གི་སྣ་འཛོམས་ཁྲོམ་ར་ཚང་མའི་བང་ཁྲིའི་སྒང་དུ་ “བོད་ ༥༡༠༠” (Tibet 5100) བཞག་ཡོད་ལ། གྲོང་ཁྱེར་གྱི་ཁྱོན་ཡོངས་སུ་གླ་གཏོང་རླངས་འཁོར་དང་། སྦྱར་པང་སོགས་ཀྱི་སྒང་དུ་གསལ་བསྒྲགས་སྦྱར་འདུག ང་ཚོས་དེ་འདྲའི་སྨྱོན་རྟགས་དེར་མགོ་བོ་གཡུག་གཡུག་བྱེད་པ་དང་ཆབས་ཅིག་ཧ་ལམ་ང་ཚོས་ཁྱིམ་གྱི་ཉེ་ས་ནས་སྟོང་ཉེན་ཅན་གྱི་འཁྱགས་རོམ་གྱི་ཆུ་འཐུང་བ་ནི་ཅི་འདྲའི་བློ་གྲོས་དང་ལྡན་པ་ཞིག་རེད་སྙམ་སྲིད།  ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བསྒྱུར།

ཐེངས་ 427191 བཀླགས་འདུག