Donate

བོད་ནས་འཛམ་གླིང་ལ་མཐུད་པའི་དབུགས་ལམ་རིང་མོ།

ཧྥ་རན་སིའི་རྒྱལ་སར་འཛམ་གླིང་ཁོར་ཡུག་ཚོགས་ཆེན་འཚོགས་འཆར་ཡོད་པའི་སྟེང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་མཉམ་ཞུགས་གནང་སྟེ། བོད་ཀྱི་ཁོར་ཡུག་གི་གལ་ཆེའི་རང་བཞིན་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་ཀྱི་ཁོར་ཡུག་སྐོར་ལ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག

DSC_2892ཟླ་འདིའི་ཚེས་ ༣༠ ནས་ཟླ་རྗེས་མའི་ཚེས་ ༡༡ བར་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར། འཛམ་གླིང་ལཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་འོག འཛམ་གླིང་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་ཚ་དྲོད་སྐོར་ལ། འཛམ་གླིང་གི་རྒྱལ་ཁབ་ ༡༩༤ ཙམ་གྱི་སྲིད་འཛིན་དང་སྲིད་བློན་སོགས་ཆེ་མཐོའི་དབུ་ཁྲིད་ལྷན་འཛོམས་ཀྱི་ཚོགས་ཆེན་ཞིག་འཚོགས་འཆར་ཡོད་པའི་སྟེང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་དྲིལ་བསྒྲགས་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་པ་རྒྱལ་མཚན་གཉིས་མཉམ་ཞུགས་གནང་འཆར་ཡོད་འདུག

གནས་ཚུལ་དེའི་སྐོར་ལ་འདི་གའི་གསར་འགོད་པས་དྲིལ་བསྒྲགས་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ད་རེབ་ཀྱི་ཚོགས་འདུ་དེ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་འདུ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། ཚོགས་ཆེན་དེའི་སྟེང་གནམ་གཤིས་འགྱུར་ལྡོག་དང་ཚ་དྲོད་གྲངས་ ༢ ལས་བརྒལ་བར་ཚོད་འཛིན་ཆེད་གྲོས་ཆོད་ཁག་ཅིག་ཀྱང་འཇོག་འཆར་ཡོད་པ་རེད།

ང་ཚོ་ཚོགས་ཆེན་སྟེང་བཅར་ནས་འབོད་སྐུལ་དོན་ཚན་ཁག་ཅིག་ཞུ་འཆར་ཡོད་པའི་གཙོ་བོ་གཉིས་ནི། གཅིག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་འཛམ་གླིང་སྤྱི་ཡོངས་ནས་བོད་མཐོ་སྒང་འདི་འཛམ་གླིང་སྤྱིའི་ཁོར་ཡུག་དང་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན་པར་ངོས་ལེན་བྱེད་དགོས་པ་དང་། གཉིས། འབྱུང་འགྱུར་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འདི་དང་འདི་ལྟ་བུ་འཚོགས་པ་ཡིན་ན། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་དེ་བགྲོ་གླེང་གི་ཆ་ཤས་གཙོ་བོའི་གྲས་སུ་འཇོག་དགོས་ཀྱི་ཡོད་པའི་སྐོར་ཡིན། ཞེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། ཚོགས་ཆེན་སྐབས་ང་ཚོས་ཉིན་ ༥ རེའི་ནང་པར་རིས་འགྲེམ་སྟོན་བྱས་ཏེ། བོད་ནང་གི་སྔོན་མའི་རང་བྱུང་ཁོར་ཡུག་གི་མཛེས་ལྗོངས་དང་། དེའི་རྗེས་སུ་ཉམས་ཆགས་འགྲོ་བཞིན་པའི་རྣམ་པ། དེ་བཞིན། རྒྱ་མིས་བོད་ཁུལ་དུ་གཏེར་ཁ་སྔོག་འདོན་གྱིས་ཁོར་ཡུག་ལ་གཏོར་སྐྱོན་བཟོ་བཞིན་པའི་རྣམ་པ་སོགས་པར་རིས་ཀྱི་ཐོག་ནས་འགྲེམ་སྟོན་བྱས་ཏེ་འགྲེལ་བཤད་རྒྱག་རྒྱུའི་འཆར་གཞི་ཡོད། ཐེངས་འདིའི་ཚོགས་ཆེན་སྐབས་སུ་བཀའ་བློན་མཆོག་དང་། ང་ཚོ་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་བསྟན་འཛིན་ནོར་བུ། དེ་བཞིན། སྦར་སིལ་སྐུ་ཚབ་དོན་གཅོད་མཆོག་དང་ཧྥ་རན་སིའི་འབྲེལ་མཐུད་པ་བཅས་ང་ཚོ་མི་ ༥ ཡིས་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་སྐོར་ལ་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་ཞུ་རྒྱུ་ཡིན། ཞེས་སོགས་བརྗོད་སོང་།

ཁོས་མུ་མཐུད་དུ། ང་ཚོས་ཉེ་ཆར་རྒྱ་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་གསར་བ་ཞིག་གཏན་འབེབས་བྱས་ཡོད་པ་དེ་རྒྱ་ནག་ཁོ་རང་ཚོའི་དབང་སྒྱུར་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་ཚང་མར་སྤྱི་མཐུན་གྱི་ཐོག་ནས་དབྱེ་བ་མེད་པ་དང་དྲང་པོ་དྲང་བཞག ཕྱི་གསལ་ནང་གསལ་གྱི་སྒོ་ནས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུ་འཆར་ཡོད་ལ། ང་ཚོས་ད་དུང་རྒྱ་མིས་བོད་ཁུལ་དུ་གཏེར་ཁ་སྔོག་འདོན་བྱེད་སྐབས་ཁོར་ཡུག་དང་མཐུན་པ་དང་། སྒྲིག་གཞི་དང་མཐུན་པ། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པ། གཏེར་ཁ་སྔོག་འདོན་བྱེད་སའི་ས་གནས་མི་མང་གི་ཁེ་ཕན་དང་མོས་མཐུན་དགོས་པའི་འབོད་སྐད་ཞུ་རྩིས་ཡོད། ཅེས་བརྗོད་སོང་།

གསར་འགོད་པས་བསྟན་པ་རྒྱལ་མཚན་ལགས་སུ། སྔོན་ཆད་དྲིལ་བསྒྲགས་ཁོར་ཡུག་ཚན་པའི་བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་ལ་ལོ་ལྟར་ཉམས་ཞིབ་ཀྱི་སྙན་ཐོ་རེ་འདོན་བཞིན་ཡོད་ཀྱང་། འདས་པའི་ལོ་གཉིས་གསུམ་ནང་སྙན་ཐོ་དེར་གྲགས་འགུལ་མེད་པ་ཆགས་སོང་བའི་སྐོར་དྲིས་པར་ཁོས། ༢༠༡༤ ནས་ ༢༠༡༥ ལོར་ང་ཚོས་བོད་ནང་གི་ཁོར་ཡུག་སྐོར་ལ་སྙན་ཐོའི་དེབ་རྡོག་རྡོག་དེ་འདྲ་བཏོན་ཡོད་པ་མ་རེད་དེ། ང་ཚོས་གནས་སྐབས་གནས་སྐབས་སུ་བྱུང་བའི་ཛ་དྲག་གི་གནས་ཚུལ་མང་པོ་ཕྱོགས་བསྡུས་བྱས་ནས་ང་ཚོའི་དྲ་རྒྱའི་སྒང་ལ་ཐད་གཏོང་བྱེད་ཀྱི་ཡོད་པ་རེད། དཔེར་ན། ཉེ་ལམ་རྫ་སྟོད་དུ་རྒྱ་མིས་གཏེར་ཁ་སྔོག་འདོན་བྱས་ནས་རྨ་འབྲི་རྫ་གསུམ་གྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་བཏང་བ་དེ་ང་ཚོས་རང་བྱུང་ཁོར་ཡུག་གི་ཁྲིམས་དང་འགལ་འདུག་པའི་གནས་ཚུལ་སྤེལ་བ་ལྟ་བུ་རེད། དེ་བཞིན། ༢༠༡༣ ལོར་རྒྱ་ནག་གི་གཏེར་ཁ་སྔོག་འདོན་བྱེད་སར་ས་རུལ་ཉིལ་ནས་ལས་བཟོ་བ་མི་ ༨༣ ལྷག་གི་ཚེ་སྲོག་ཤོར་བ་དང་དེའི་ཁྲོད་དུ་བོད་མི་གཉིས་ཡོད་པ་རེད། སྐབས་དེར་ང་ཚོས་གཏེར་ཁ་བསྔོག་སར་ས་རུལ་ཉིལ་བ་དེ་གཏེར་ཁ་སྔོག་འདོན་བྱེད་སྟངས་མ་འགྲིག་པའི་དབང་གིས་བྱུང་བའི་གནས་ཚུལ་ཐད་ཀར་བཏོན་རེད། ཉེ་བའི་ཆར་རྒྱ་ནག་གིས་བོད་ཁུལ་གྱི་གཏེར་ཁ་སྔོག་འདོན་སྐབས། ཆུའི་ནང་རྫས་འགྱུར་འདྲ་མིན་ལྡུག་གི་ཡོད་སྟབས་སེམས་ཅན་མང་པོ་ཤི་ཡི་ཡོད་པའི་སྐོར་ལའང་ང་ཚོས་དཔྱད་རྩོམ་བྲིས་ནས་དྲ་རྒྱའི་སྟེང་སྤེལ་ཡོད། ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་ཁོང་ལ་ད་ལྟའི་ཆ་ལ་བོད་ནང་གི་ཁོར་ཡུག་སྐོར་གནས་སྟངས་ཛ་དྲག་ཤོས་དེ་ག་རེ་ཆགས་ཀྱི་ཡོད་མེད་དྲིས་པར་ཁོས། བོད་ནང་གི་ཁོར་ཡུག་ལ་ཛ་དྲག་གི་གནས་ཚུལ་གཉིས་འདུག གཅིག རྒྱ་མིས་བོད་ཁུལ་དུ་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་པ་དེ་རེད། གཏེར་ཁ་སྔོག་འདོན་གྱིས་དཀའ་ངལ་ཆེ་ཤོས་ག་རེ་སྤྲོད་ཀྱི་ཡོད་པ་རེད་ཅེ་ན། རྫས་འགྱུར་རིགས་མང་པོ་བེད་སྤྱོད་གཏོང་གི་ཡོད་པ་དེ་ཆུའི་ནང་འདྲེས་ནས་ཆུ་བཙོག་པ་ཆགས་པ་དང་། ཆུ་བེད་སྤྱོད་གཏོང་མཁན་ཡུལ་མི་དང་རི་སྐྱེས་སེམས་ཅན་མང་པོ་ཤི་འགྲོ་ཡི་ཡོད་པ་རེད། དེ་བཞིན། ས་རྒྱ་ཆེན་པོ་བཤུ་བཀོག་བྱས་ཏེ་རྩྭ་ཐང་རྒྱ་ཆེན་པོ་འཕྲོ་བརླག་གཏོང་གི་ཡོད་ཁར། ཉེ་ལམ་ནས་བོད་ཁུལ་དུ་ཆར་ཆུ་ཇེ་ཉུང་དང་ཚ་དྲོད་ཇེ་ཆེར་ཕྱིན་པ་དང་། རླུང་ཤུགས་ཆེན་པོ་གཡུག་པ་སོགས་ཀྱིས། ས་འོག་གི་འཁྱགས་རོམ་ཞུ་ཚད་ཆེ་རུ་འགྲོ་བ་དང་། གཏེར་ཁ་བསྔོག་ཤུལ་གྱི་ས་རིམ་བཞིན་སྐམ་ནས་བྱེ་ཐང་ཆགས་ཀྱི་ཡོད་པ་རེད།

ARV_CLIMATE_CHANGE__309664fརྒྱ་མིས་གཏེར་ཁ་སྔོག་འདོན་བྱེད་ས་གཙོ་བོ་དེ་བོད་ཁུལ་གྱི་གནས་རི་རྩ་ཆེན་དག་རེད། དེར་བརྟེན། ས་གནས་མང་ཚོགས་དང་གཏེར་འདོན་ཚན་པའི་བར་འགལ་བ་ཡང་ཡང་ཤོར་བཞིན་འདུག ༢༠༠༩ ལོའི་ཚུན་ལ་བོད་ནང་གི་ངོ་རྒོལ་གཞི་རྒྱ་ཆེ་ཤོས་དེ་གཏེར་ཁ་སྔོག་འདོན་གྱི་གནས་ཚུལ་ལས་བྱུང་ཡོད་པ་དང་། ལོ་དེའི་ཚུན་ལ་སྔ་ཕྱིར་ངོ་རྒོལ་ལས་འགུལ་ཐེངས་ ༢༠ ཙམ་བྱུང་འདུག དེ་བཞིན། རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་མང་པོ་བྱས་ཏེ་མཁའ་རླུང་བཙོག་པ་བཟོས་སྟབས། བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་ཧ་ཅང་ཛ་དྲག་ཆགས་འདུག གནམ་གཤིས་འགྱུར་ལྡོག་གི་དབང་གིས་ཨ་མདོ་མགོ་ལོག་དང་རྫ་སྟོད། རྨ་སྟོད། ཡུལ་ཤུལ་སོགས་ཀྱི་གངས་རི་ཞུ་བ་དང་། ས་འོག་གི་འཁྱགས་རོམ་ཞུ་བ་སོགས་ལ་བརྟེན་ཏེ་རྩྭ་ཐང་མང་པོ་ན་འདམ་དུ་གྱུར་བ་དང་། ན་འདམ་སྐམ་ཤུལ་དུ་བྱེ་རྡུལ་འཕྱུར་ཞིང་རིམ་གྱིས་བྱེ་ཐང་དུ་འགྱུར་བཞིན་འདུག ཅེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་ཁོང་ལ། ཕྱི་དྲིལ་ཁོར་ཡུག་ཚན་པས་བོད་ཀྱི་ཁོར་ཡུག་ལ་ཉམས་ཞིབ་བྱེད་སྐབས། བོད་ནང་དངོས་སུ་བསྐྱོད་ཐུབ་ཀྱི་མེད་སྟབས། ཞིབ་འཇུག་གི་གྲུབ་དོན་ཚན་ལྡན་ཡོང་གི་ཡོད་མེད་དྲིས་པའི་ལན་དུ་ཁོས། ང་ཚོ་ཐད་ཀར་བོད་ནང་སྐྱོད་ཐུབ་ཀྱི་མེད་དུས། ང་ཚོས་ཉམས་ཞིབ་གང་བྱས་པ་དེ་གཅིག་ནས་རྒྱ་ནག་གི་ཚན་རིག་པ་དང་ཕྱི་རྒྱལ་ཁག་གི་ཚན་རིག་པ་སོགས་ཀྱི་ཞིབ་འཇུག་གི་གྲུབ་དོན་གཞིར་འཛིན་གྱི་ཡོད་ལ། གཉིས་ནས་ང་ཚོས་བོད་ནང་ལ་འབྲེལ་བ་བྱས་ཏེ་ས་གནས་མི་མང་གིས་བརྗོད་པའི་གནས་ཚུལ་དང་། བོད་ནས་ཕེབས་པའི་བོད་མི་མང་པོར་བཅར་འདྲི་ཞུས་པ། དེ་བཞིན། ཡོངས་གྲགས་རང་བཞིན་ཆགས་པའི་དངོས་འབྲེལ་གནས་ཚུལ་སོགས་གཞིར་འཛིན་གྱི་ཡོད། ཅེས་བརྗོད་སོང་།

ཡང་ཁོ་ལ། ཕྱི་ཕྱོགས་ནས་འདི་ལྟར་བོད་ནང་གི་ཁོར་ཡུག་སྐོར་ལ་སྐད་བརྒྱབ་པ་དེར་གྲུབ་འབྲས་འཐོན་གྱི་ཡོད་མེད་དྲིས་པར་ཁོང་གིས། ང་ཚོས་གྲུབ་འབྲས་འདི་དང་འདི་ཐོན་ཡོད་ཅེས་མཛུབ་མོ་འཛུགས་ས་མེད་ཀྱང་། ཉེ་ཆར་ནས་རྒྱ་ནག་གཞུང་གི་ཁོར་ཡུག་གི་སྒྲིག་གཞི་གསར་བ་མང་པོ་བཟོས་ཡོད་པའི་གནས་ཚུལ་འདུག དཔེར་ན། ཁོ་ཚོས་ཡུལ་སྐོར་སྤྲོ་འཆམ་སྐོར་ལ་སྒྲིག་གཞི་བཟོས་པ་དང་། གཏེར་ཁ་སྔོག་འདོན་ས་ཚིགས་ ༤༠ ལྷག་གི་སྒོ་བརྒྱབ་ཡིན་ཟེར་བའི་གནས་ཚུལ་འདུག དེང་སྐབས་རྒྱ་ནག་གི་མཐོ་རམ་དཔོན་རིགས་རེ་ཟུང་དང་ཚན་རིག་པ་དང་ཤེས་ཡོན་པ་དེ་ཚོས་བོད་ནང་གི་ཁོར་ཡུག་ཉམས་ཆག་སྐོར་ལ་དོ་སྣང་ཆེ་རུ་འགྲོ་བཞིན་འདུག

བོད་ཀྱི་དུས་བབ་ལས་དྲངས།

ཐེངས་ 42174 བཀླགས་འདུག