Donate

བོད་པས་སྟག་ལྤགས་བེད་སྤྱོད་དང་ཉོ་ཚོང༌།

འཛམ་གླིང་སྤྱིའི་དཔལ་འབྱོར་དང་ཚན་རྩལ་རིག་གནས་ཡར་རྒྱས་ཕྱིན་པ་བརྒྱུད་བོད་ནང་དཔལ་འབྱོར་ཡར་རྒྱས་ཕྲན་བུ་ཡག་ཏུ་ཕྱིན་ཡོད་པ་དང༌། སྟབས་མ་ལེགས་པ་ཞིག་ལ་དཔལ་འབྱོར་དང་དངུལ་དེ་དག་འཛམ་གླིང་སྤྱི་འགྲོས་ལྟར་འབྱུང་འགྱུར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཤེས་ཡོན་དང༌། ལག་ཤེས། སྟག་ལྤགས། ༡འཛུགས་སྐྲུན་སོགས་སུ་གཏོང་མ་ཤེས་པར་བེད་སྤྱོད་ལོག་པ་བཏང་སྟེ་སྟག་གཟིག་སྲམ་གསུམ་གྱི་པགས་པ་ལ་ཆེས་རིན་ཐང་ཆེན་པོ་སྤྲད་དེ་གཟབ་འཕྱོར་ཆེད་རྒྱན་གོས་སུ་བེད་སྤྱོད་བཏང་ཡོད་པ་དང༌། དེ་ཡང་ཕྱི་ལོ་ ༡༩༨༠ ཙམ་ནས་བཟུང་བོད་ནང་སྟག་ལྤགས་རིགས་བེད་སྤྱོད་དང་ཉོ་ཚོང་སོགས་སྔོན་དང་མི་འདྲ་བར་དར་ཁྱབ་ཆེ་རུ་ཕྱིན་ཏེ་མཐོང་སྣང་མི་འདོད་པའི་རྒྱན་གོས་རིགས་བེད་སྤྱོད་ཤུགས་ཆེན་བྱས་པའི་རྐྱེན་གྱིས་རྒྱ་གར་སོགས་ཀྱི་སྟག་གི་འཚོ་གནས་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་ཏེ་ཕྱི་ལོ་ ༢༠༠༣ དང༌། ༢༠༠༤ ལྷག་པར་དུ་ ༢༠༠༥ ཟླ་ ༨ ནང་རྒྱལ་སྤྱིའི་ཁོར་ཡུག་རྟོག་ཞིབ་ཚོགས་པ་ཁག་ཅིག་རྒྱ་ནག་དང་བོད་ཀྱི་ས་ཁུལ་ཁ་ཤས་སུ་ཕྱིན་པ་བརྒྱུད་སྟག་གཟིག་པགས་པ་ཉོ་ཚོང་གཞུང་གིས་བཀག་འགོག་གང་ཡང་བྱེད་ཀྱི་མེད་པའི་ཐོག་ནས་ཁྲོམ་གཞུང་ལ་ཉོ་ཚོང་ཆོག་གི་ཡོད་པ་དང༌། དེ་བཞིན་དུས་ཆེན་དང་མཛད་སྒོ་སོགས་ཀྱི་སྐབས་སུ་གཟབ་འཕྱོར་ཆེད་མངོན་གསལ་དོད་པོས་བེད་སྤྱོད་ཤུགས་ཆེན་བྱེད་བཞིན་ཡོད་པ་མཐོང་ཞིང་བོད་ནས་ཕྱིར་ལོག་སྟེ་བོད་ནི་རྒྱལ་སྤྱིའི་སྟག་གཟིག་པགས་པའི་ཁྲོམ་རྭ་ཡིན་པ་སོགས་སྔ་ཕྱིར་གསར་འགོད་གསལ་བསྒྲགས་དང་སྙན་ཐོ་མང་པོ་བཏོན་ཡོད་པ་རེད།

གསལ་བསྒྲགས་དང་སྙན་ཐོའི་ནང་འཁོད་དོན་ལྷ་སའི་བར་སྐོར་གྱི་ཚོང་ཁང་ ༢༠ ནང་ཉམས་ཞིབ་བྱས་པ་བརྒྱུད་བོད་མིས་ཕྱུ་པ་སྟག་ལྤགས་ཤན་མ་ ༢༤ དང་གཟིག་ལྤགས་ཤན་མ་ ༥༤། སྲམ་ལྤགས་མཐའ་རྒྱན་ཡོད་པ་ ༣༠༠ ལྷག དེ་བཞིན་སེམས་ཅན་གཞན་གྱི་པགས་རིགས་ཤན་མའི་ཕྱུ་པ་བརྒྱ་ཕྲག་མང་པོ་འཚེར་སྣང་གང་ཡང་མེད་པར་ཉོ་ཚོང་དང་ཚོང་འགྲེམས་བྱེད་བཞིན་ཡོད་པ་དང། ཚོང་འགྲེམས་བྱེད་བཞིན་པའི་པགས་རིགས་དེ་དག་མང་ཆེ་བ་རྒྱ་གར་ཕྱོགས་ནས་ནང་འདྲེན་བྱེད་ཀྱི་ཡོད་ལུགས་ཚོང་པ་དང་འབྲེལ་ཡོད་མི་སྣས་རྟོག་ཞིབ་པ་ཚོར་འགྲེལ་བརྗོད་བྱས་ཡོད།

རྒྱ་ནག་སི་ཁྲོན་ཞིང་ཆེན་ཟེར་བའི་མངའ་ཁུལ་བོད་རིགས་སྡོད་ཡུལ་གྲོང་དང་གྲོང་ཁྱེར་ཁག་ཏུའང་གོང་ལྟར་བདག་མེད་སེམས་ཅན་དེ་དག་གི་པགས་རིགས་རྒྱན་གོས་དང་པགས་པ་ཚོང་འགྲེམས་བྱེད་ཀྱི་ཡོད་པ་མ་ཟད། དགེ་འདུན་པ་རེ་ཟུང་གིས་ཀྱང་པགས་རིགས་ཟུར་ཚོང་རྒྱག་གི་ཡོད་པའང་ཤེས་རྟོགས་བྱུང་ཡོད་པ་རེད།

དེ་བཞིན་ཀན་སུའུ་ཞིང་ཆེན་ཟེར་བའི་ལིན་ཤཱ་འམ་ཀ་ཆུ་ཁྲོམ་གཞུང་དུ་གཟིག་ལྤགས་ ༡༦༣ དང་གངས་གཟིག་གི་པགས་པ་ ༦༠ ལྷག གཡི་ལྤགས་ ༢༠༠༠༠ ལྷག་དང་སེམས་ཅན་གཞན་གྱི་པགས་རིགས་ ༡༨༠༠ ལྷག ཝ་ལྤགས་སྟོང་ཕྲག་མང་པོ་སོགས་གཅན་གཟན་གཞན་གྱི་པགས་རིགས་འགྲེམས་ཚོང་དང༌། ད་དུང་པགས་རིགས་མང་པོ་ཁང་ཆུང་དང་ཀོ་ཁུག་བཅས་སུ་བླུགས་ནས་བཞག་ཡོད་པ་མང་པོ་མཐོང་ཡོད་འདུག གོང་གསལ་ཚོང་ཁང་བདག་པོ་ཁ་ཤས་ལ་པགས་རིགས་དེ་དག་སུས་ཉོ་ཡི་ཡོད་མེད་སྐད་ཆ་དྲིས་སྐབས་བརྒྱ་ཆ་མང་ཤོས་རྒྱ་མི་དང༌། དེ་ནས་བོད་རིགས། དེ་བཞིན་ཕྱི་རྒྱལ་ཡུལ་སྐོར་བ་སོགས་ཀྱིས་ཉོ་ཡི་ཡོད་འདུག རྒྱ་མིས་ལག་རྟགས་དང་ནང་ལ་བཤམ་སྟོན་ཆེད་བེད་སྤྱོད་བྱེད་ཀྱི་ཡོད་པ་དང༌། ཕྱི་རྒྱལ་ཡུལ་སྐོར་བས་དྲན་རྟེན་དང་ཁྱིམ་ནང་དུ་བཤམ་སྟོན་ཆེད་དང༌། བོད་མི་ཚོས་རྒྱན་གོས་དང་གདན་གྱི་ཆེད་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད།

ལྷག་པར་དུ་ཉེ་བའི་ལོ་ཤས་སྔོན་བོད་མིའི་མི་ཚང་ཕྱུག་པོའི་ནང་སྟག་གཟིག་སྲམ་གསུམ་གྱི་རྒྱན་གོས་མེད་ཐབས་མེད་པ་ལྟ་བུར་གྱུར་ཡོད་པ་དང༌། ཕལ་ཆེར་གཅན་གཟན་པགས་རིགས་ཀྱིས་རྒྱན་པའི་གོས་རིགས་གྱོན་རྒྱུ་མེད་ན་སྤྱི་ཚོགས་ནང་རྒྱུ་ནོར་མེད་པའི་དབུལ་པོ་དང་རང་བཞིན་གྱིས་གཉའ་དམའ་པོ་ཆགས་ཀྱི་ཡོད། རྒྱུ་ནོར་ཡོད་མཁན་རྣམས་ཀྱིས་གོས་མཐའ་ལ་གཅན་གཟན་པགས་རིགས་ཆེས་ཆེན་པོ་སྦྱར་ཏེ་གོས་ཡོངས་རྫོགས་གཡོག་པ་ལྟ་བུ་དང༌། འགའ་ཤས་ཀྱིས་སྟག་གཟིག་གཉིས་ཀའི་པགས་པས་གོས་གཅིག་ལ་ཤན་གྱི་ཡོད་པ་སོགས་སུ་ཆེ་སུ་ཡག་གི་འགྲན་རྩོད་ཀྱི་རྣམ་པ་ཤུགས་ཆེན་བྱུང་ཡོད་ཀྱང༌། ད་ལྟའི་ཆར་གཞི་རིམ་མང་ཚོགས་རྣམས་བཟང་ངན་དབྱེ་འབྱེད་དང་ལམ་ནོར་ལྡོག་ཤེས་ཀྱིས་པགས་རིགས་ཀྱི་རྒྱན་གོས་ཕལ་ཆེར་བ་མཚམས་འཇོག་བྱས་ཡོད་པ་རེད།

དེ་བཞིན་སྟག་གི་ལུས་ཀྱི་ཆ་ཤས་འགའ་ཤས་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ལ་འགྲོ་ཡི་ཡོད་པ་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་འདུག ཕྱི་ལོ་ ༢༠༠༦ ཟླ་ ༨ པར་རྒྱལ་སྤྱིའི་ཁོར་ཡུག་རྟོག་ཞིབ་ཚོགས་པ་ཡང་བསྐྱར་བོད་ཏུ་བསྐྱོད་སྐབས་བོད་ནང་པགས་རིགས་གོས་རྒྱན་བེད་སྤྱོད་བྱེད་བཞིན་པ་དེ་ལོ་སྔོན་མ་ལས་ལྡབ་གཅིག་ཉུང་དུ་ཕྱིན་ཡོད་པ་དང༌། དེའི་རྒྱུ་རྐྱེན་ནི་ྋགོང་ས་མཆོག་གིས་སྔ་ཕྱིར་བདག་མེད་སེམས་ཅན་སྐོར་བཀའ་སློབ་དང༌། ལྷག་པར་ཕྱི་ལོ་ ༢༠༠༦ ལོར་དུས་འཁོར་དབང་ཆེན་སྐབས་དད་ལྡན་ཆོས་ཞུ་བ་འབུམ་གཅིག་ཙམ་སླེབས་ཡོད་པས་དེའི་ནང་བོད་ནང་ནས་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྟོང་ཕྲག་མང་པོ་དུས་དབང་ཆེད་སླེབས་ཡོད་པས་དེ་ཚོར་དམིགས་བསལ་གྱི་པགས་རིགས་གོས་རྒྱན་མཚམས་འཇོག་དགོས་པའི་བཀའ་སློབ་ཤུགས་ཆེན་པོ་གནང་བ་དང་སྦྲགས། བཙན་བྱོལ་བོད་གཞུང་དང༌། ཚོགས་སྡེ་ཁག རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ་ཤུགས་ཆེན་སྤེལ་བ་བརྒྱུད་བོད་ནང་རང་བཞིན་གྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་དུས་དབང་གནང་གྲུབ་ནས་ཉིན་བཅུ་ཙམ་རྗེས་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཚོས་རང་ཉིད་ཀྱི་ཆེས་རིན་ཐང་ཆེ་བའི་དངོས་པོ་པགས་རིགས་རྒྱན་གོས་མེར་སྲེག་གཏོང་བའི་ལས་འགུལ་འགོ་འཛུགས་ཀྱིས་ཨ་སྒོར་ས་ཡ་མང་པོའི་པགས་རིགས་མེར་སྲེག་བཏང་བས་བོད་མི་རྣམས་ཀྱིས་བོད་དང་ལྷག་པར་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་རླབས་ཆེན་གྱི་ལས་དོན་གྲུབ་འབྲས་ནང་འགོད་འོས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བསྐྲུན་ཡོད་པ་འཛམ་གླིང་མི་མང་ཀུན་གྱིས་བོད་མི་རིགས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་སྔར་ལས་ལྷག་པའི་བསྔགས་བརྗོད་དཔག་མེད་ཐོབ།།

ཐེངས་ 42192 བཀླགས་འདུག