Donate

བོད་མཐོ་སྒང་གི་ཆུ་བོ་ཁག་དང་གཏན་ཆགས་འཁྱགས་རིམ་གྱི་གལ་གནད།

ཆར་དུས་སུ་ཨེ་ཤི་ཡའི་ཡུལ་གྲུ་ཁག་ལ་ཆུའི་དཀལ་ངལ་མེད་ཀྱང་། ཆར་དུས་མིན་པའི་ནམ་ཟླར་མི་འབོར་ས་ཡ་ ༩༠༠ ཙམ་གྱི་ལོ་ཧྲིལ་བོའི་ཆུའི་དགོས་མཁོ་བོད་ཀྱི་འཁྱགས་རོམ་དང་གཏན་ཆགས་འཁྱགས་རིམ་གྱི་ཞུ་རྒྱུན་ལ་ཐུག་ཡོད། རྒྱ་གར་དང་། རྒྱ་ནག འབར་མ། ཝེཐ་ནཱམ། ལའཨོ་སུ། ཀའམ་བྷོ་ཌི་ཡ། བྷཱང་གྷ་ལཱ་དྷེཤ། པཱཀི་སཐཱན་བཅས་མི་འབོར་མང་ཞིང་འཕེལ་སྐྱེད་མྱུར་བའི་ཡུལ་གྲུ་ཁག་གི་དབར་དུ་ཆུའི་གནད་དོན་ཐད་དཀའ་ངལ་དང་དངངས་འཚབ་དུ་མ་འབྱུང་བཞིན་ཡོད་པ་དཔེར་ན།

བོད་མཐོ་སྒང་ནས་རྒྱུ་བའི་རྒྱུག་ཆུ་ཁག་ལ་ཆུ་མཛོད་འཛུགས་སྐྲུན་བྱེད་པ་དང་། ཆུ་འབགས་བཙོག་ཤོར་བ། མི་མང་པོ་ཞིག་ཡུལ་གྱར་གྱུར་བ། རྒྱུག་ཆུའི་ཁ་ཕྱོགས་བསྒྱུར་བ་བཅས་ཀྱི་ཡུལ་གྲུ་འདི་དག་ཏུ་ཛ་དྲག་གི་དཀའ་རྙོག་མང་པོ་བཟོ་བཞིན་ཡོད།

ཉེ་དུས་ཀྱི་ཉམས་ཞིབ་པ་ཞིག་གིས་བརྗོད་དོན་ལ། འདས་ཟིན་པའི་ལོ་ངོ་ ༤༠ རིང་འཁྱགས་རོམ་བརྒྱ་ཆ་ ༢༠ ཙམ་བྲི་ཟིན་པས་གལ་སྲིད་ད་ལྟའི་འགྱུར་སྟངས་འདི་མུ་མཐུད་ན། གནས་བཞིན་པའི་འཁྱགས་རོམ་བརྒྱ་ཆ་ ༦༠ ཙམ་མ་འོངས་ལོ་ངོ་ ༤༠ ནང་ཤུལ་མེད་དུ་སོང་ན་ཨེ་ཤི་ཡའི་ཡུལ་གྲུ་ཀུན་ལ་ཆུའི་དཀའ་ངལ་ཛ་དྲག་པོ་ཞིག་འཕྲད་ངེས་ཡིན།
སྤྱིར་གངས་ཞུ་བ་ལས་ཆུ་མང་དུ་སྟོང་སྟབས་དུས་ཡུན་ཐུང་ངུ་ཞིག་གི་ནང་འགྱུར་ལྡོག་གི་ངོ་བོ་མངོན་གསལ་དོད་པོ་མེད་ཀྱང་། ཕུགས་ཀྱི་ཆུའི་གསོག་ཉར་ཇེ་ཉུང་དུ་ཕྱིན་སྟབས་ཆར་དུས་མིན་པའི་ནམ་ཟླའི་སྐབས་སུ་རྒྱུག་ཆུ་སྐམ་ནས་ཁོར་ཡུག་གཙང་སྦྲ་དང་འཕྲོད་བསྟེན། ཞིང་ཆུ་དབོར་འདྲེན་བཅས་ལ་དོ་ཕོག་ཚབས་ཆེན་ཐེབས་ངེས་ཡིན།

བོད་མཐོ་སྒང་ནི་དབྱར་དགུན་གྱི་ཚ་གྲང་དབང་གིས་འཁྱགས་རོམ་དང་གཏན་ཆགས་འཁྱགས་རིམ་ཞུ་བ་དང་འཁྱགས་པའི་རྒྱུན་འཁོར་ལ་བརྟེན་ནས་གསོན་གྱི་ཡོད་མོ། འོན་ཀྱང་གཏན་ཆགས་འཁྱགས་རོམ་གྱི་ངོས་ཞུ་ཆེ་བའམ་ཞུ་ཡུན་རིང་ན་གཏན་ཆགས་འཁྱགས་རིམ་རང་ཉིད་ཉམས་ཟད་དུ་སོང་ནས་ཤུལ་དུ་ས་སབ་སོབ་བྱེ་མ་ལྟ་བུ་ཞིག་ལས་ལུས་ཀྱི་མེད་པ་འདིས་ལོ་ཏོག་འདེབས་ལས་དང་ཆུ་གསོག་ཉར་གང་ཡང་གོ་ཆོད་ཀྱི་མེད། དེ་ཙམ་མ་ཟད་བྱེ་མ་ལྟ་བུའི་ས་འདི་ལྷགས་པས་དེད་ནས་ཤུལ་དུ་བྲག་རྡོ་ལས་ལུས་ཀྱི་མེད་སྟབས་རྩྭ་ཐང་བསྐྱར་གསོ་ཧ་ལམ་མི་ཐུབ་པའི་ཕུགས་ཀྱི་གནས་སྟངས་ཛ་དྲག་ཅིག་ཆགས་བཞིན་ཡོད། ཕྱི་དྲིལ་ཁོར་ཡུག་ཚན་པས་མཁོ་འདོན་དང་ཕྱི་ལོ་༢༠༡༢ལོར་སྤེལ།

ཐེངས་ 42210 བཀླགས་འདུག