Donate

བོད་མཐོ་སྒང་གི་ཚ་དྲོད་འཕར་བས་ཆུའི་དཀའ་ངལ་འཕྲད་བཞིན་པ།

རི་སྐྱེས་དངོས་ཁམས་ཀྱི་ཚན་རིག་པས་བོད་མཐོ་སྒང་གི་ཚ་དྲོད་འཕར་བཞིན་ཡོད་པ་དང་། དེས་རྐྱེན་པས་མཐོ་སྒང་གི་འཁྱགས་རོམ་བཞུར་ནས་རྩ་ཐང་དང་མི་ཕྱུག་བཅས་ལ་ཆུ་དཀོན་པའི་དཀའ་ངལ་འཕྲད་བཞིན་ཡོད་པར་གསུངས་འདུག
མཚོ་སྔོན་པོའི་ཉེ་འཁོར་གྱི་ཆུ་མིག་མང་པོ་སྐམ་ནས་ཉ་མང་པོ་ཤི་བཞིན་པ། ༢༠༡༦།༦དེའང་ཟླ་འདིའི་ཚེས་༡༧་ཉིན་རྒྱ་གར་རྡེ་ར་རྡུན་གྱི་རྒྱ་གར་རི་སྐྱེས་དངོས་ཁམས་ལྟེ་གནས་ཁང་དུ། ཁོར་ཡུག་གཏོར་སྐྱོན་ཆེན་པོ་བྱུང་བཞིན་པའི་གནས་སྟངས་དེས་རྐྱེན་པས། ས་གཞི་མང་པོ་བྱེ་ཐང་དུ་གྱུར་ཞིང་སེམས་ཅན་དང་རྩི་ཤིང་། དེ་བཞིན་མིའི་འཐུང་ཆུ་སོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ཞིག་ཚོགས་ཡོད་པ་རེད་འདུག་ལ། བགྲོ་གླེང་ལྷན་ཚོགས་དེའི་ཐོག་རི་སྐྱེས་དངོས་ཁམས་ཀྱི་ཚན་རིག་པ་ནིས་ཏ་ཤཱ་ལགས་ནས། བོད་མཐོ་སྒང་གི་ཚ་དྲོད་དེ་ལོ་བཅུ་རེའི་མཚམས་ལ་ཚ་ཚད་༠.༣་རེ་འཕར་བཞིན་ཡོད་པ་དང། དེས་རྐྱེན་པས་མཐོ་སྒང་གི་འཁྱགས་རོམ་བརྒྱ་ཆ་༩༥་བཞུར་ཞིང་ཆུ་མིག་མང་པོ་སྐམ་སྟེ་རྩ་ཐང་དང་ཕྱུག་ཟོག་སེམས་ཅན་དེ་བཞིན་ཡུལ་མིའི་འཐུང་ཆུ་སོགས་ཀྱི་ཆུ་དཀོན་པོ་ཆགས་ཤིང་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། དེ་དང་ཆབས་ཅིག་སྐྱེ་དངོས་ཚན་རིག་པ་ནི་ཏ་ཤྰ་ལགས་ནས། གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་དེས་རྐྱེན་པས། རྒྱ་གར་ལ་དྭགས་ཁུལ་དུ་སྲོག་ཆགས་མང་པོ་རྩ་སྟོང་ཕྱིན་ཡོད་པའི་གནས་ཚུལ་ཡང་གསུངས་འདུག
གཞན་ཡང་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་ཤུགས་གློག་ཁང་ནས་ཐོན་པའི་གློག་དེ་ཚོ་རྒྱ་ནག་ནང་ལ་མཁོ་འདོན་བྱེད་ཆེད། བོད་ཀྱི་གཙང་ཆུ་ཆེན་པོ་ཁག་གི་ཐོག་ཆུ་རག་མང་པོ་ཞིག་བརྒྱབ་བཞིན་ཡོད་པས། དེས་རྐྱེན་པས་བར་ལམ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་འགྲོ་བཞིན་ཡོད་པའི་སྙན་ཐོ་མང་པོ་ཞིག་ཐོན་ཡོད་པ་མ་ཟད་། ད་དུང་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཆུའི་དཀའ་ངལ་འཕྲད་ཅིང་། ཐན་སྐྱོན་གྱི་གནས་ཚུལ་ཡང་བྱུང་ཡོད་པས། དེར་བརྟེན་རྒྱ་གར་གྱི་དབུས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མང་པོས། རྒྱ་ནག་གིས་བོད་ནང་དེ་འདྲའི་ཆུ་རག་གསར་རྒྱག་བྱེད་པའི་ལས་དོན་དེར་སྐྱོན་འཛུགས་བྱེད་བཞིན་ཡོད་རུང་། ད་བར་རྒྱ་ནག་ནས་བོད་ནང་གི་གོང་ཞུས་ལས་གཞི་དེ་ཚོ་མཚམས་འཇོག་རྩ་བ་ནས་མི་བྱེད་པར་མུ་མཐུད་ཆུ་རག་གསར་རྒྱག་བྱེད་བཞིན་ཡོད་པ་རེད་འདུག

གནས་ཚུལ་ཡོང་ཁུངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཐེངས་ 42184 བཀླགས་འདུག