Donate

བོད་མཐོ་སྒང་དུ་ས་འོག་ཚ་ནུས ༦༧༢ མངོན་པ་རེད་ཟེར།

བོད་ལྗོངས་དྲ་བ་ཟེར་བའི་གནས་ཚུལ་སྤེལ་བ་ལྟར་ན། “བོད་ལྗོངས་སུ་ས་འོག་ཚ་ནུས་ཁུལ༦༧༢ གསར་རྙེད་བྱུང་ལ་དེའི་ཁྲོད་དུ་གསར་སྤེལ་བྱས་ཆོག་པའི་ས་འོག་ཚ་ནུས་ཁུལ ༣༠༠ ཡོད་པ་རེད། ཐོག་མའི་ཚོད་རྩིས་ལྟར་ན་བོད་ལྗོངས་ས་འོག་ཚ་ནུས་ས་ཚིགས་ཀྱི་མི་མངོན་པའི་གློག་ནུས་ནི་སྟོང་ཝོལ་ཁྲི ༨༠ ཡན་ཡིན་ཏེ་དེས་ཐོན་ཁུངས་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་བཟུང་ཡོད། Hot Spering in Tibet  ཆེད་ལས་མཁས་པས་བཤད་པ་ལྟར་ན།དུས་རྒྱུན་མི་རྣམས་ཀྱིས་མགྲིན་གཅིག་ཏུ་དྲོད་ཚད་མཐོ་བའི་ནུས་ཁུངས་ནི་རྒྱ་མཚོའི་ངོས་ལས་དམའ་བའི་མེ་རིའི་ས་ཁུལ་མ་གཏོགས་མེད་པར་བརྗོད་མོད། དོན་དངོས་སུ་ཆ་སྙོམས་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད ༤༠༠༠ ཡོད་པའི་མདོ་དབུས་མཐོ་སྒང་དུའང་ཚ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད།
ས་གཤིས་གཏེར་འདོན་གསར་སྤེལ་ལས་ཁུངས་ཀྱི་ས་གཤིས་རུ་ཁག་གིས་ཡོངས་འགྲུབ་བྱས་པའི་བོད་ལྗོངས་ཚ་ནུས་ཐོན་ཁུངས་བརྟག་དཔྱད་དང་ས་ཁུལ་དབྱེ་འབྱེད་ཅེས་པའི་རྒྱུ་ཆ་ལས་མངོན་པ་ལྟར་ན་བོད་ལྗོངས་ཀྱི་དྲོད་ཚད་མཐོ་བའི་ཚ་ནུས་ཐོན་ཁུངས་ཀྱིས་རྒྱལ་ཡོངས་ཚ་ནུས་ཐོན་ཁུངས་སྤྱིའི་ ༨༠% ཟིན་ཡོད་ཟེར། བོད་ལྗོངས་ཀྱི་ཚ་ནུས་ཐོན་ཁུངས་དེ་གཙོ་བོ་མཚོ་བོད་ལྕགས་ལམ་འགྲམ་རྒྱུད་ཀྱི་ལྷ་སའི་སྙེ་མོ་དང་ཡངས་པ་ཅན། ནག་ཆུ། མཚོ་ནག སོགས་སུ་ཁྱབ་ཡོད་པར་མ་ཟད་ད་དུང་ཡར་ཀླུང་གཙང་བོ་དང་ལྷ་སའི་གཙང་བོ། ཉིང་ཁྲིའི་གཙང་བོ་སོགས་ཀྱི་རྒྱུད་ལ་ཡང་ཁྱབ་ཡོད། དེར་མ་ཟད་བོད་ལྗོངས་བྱང་ཐང་གི་མི་མེད་ལུང་སྟོང་ས་ཁུལ་དུའང་ཚ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ས་འོག་གི་ཚ་ནུས་དེ་དྲོད་ཚད་ལྟར་རིམ་པ་གསུམ་ཏུ་དབྱེ་ཡོད་དེ་།སོ་སོར་དྲོད་ཚད་མཐོན་པོ་དང་དྲོད་ཚད་འབྲིང་བ།དྲོད་ཚད་དམའ་མོ་བཅས་སོ། དྲོད་ཚད་ ༡༥༠°C ལས་མཐོ་བའི་ས་འོག་ཚ་ནུས་ནི་རླངས་གཟུགས་ཀྱི་རྣམ་པས་གནས་ཡོད་ལ། དེར་ས་འོག་ཚ་ནུས་མཐོན་པོ་ཟེར། དྲོད་ཚད་ ༩༠°C ནས་ ༡༥༠°C བར་གྱི་ས་འོག་ཚ་ནུས་ནི་ཆུ་དང་རླངས་གཟུགས་མཉམ་བསྲེས་ཀྱི་རྣམ་པས་གནས་ཡོད་ལ་དེར་ས་འོག་ཚ་ནུས་འབྲིང་བ་ཟེར། དྲོད་ཚད ༢༥°C ནས ༩༠°C བར་གྱི་ས་འོག་ཚ་ནུས་དེ་ཆུ་དྲོད་འཇམ་དང་དྲོད་མ་འཇམ། ཆུ་ཚ་བཅས་ཀྱི་རྣམ་པས་གནས་ཡོད་ལ་དེར་ས་འོག་ཚ་ནུས་དམའ་མོ་ཟེར།
བརྟག་དཔྱད་བྱས་ཟིན་པའི་ཚ་ཞིང་དང་ཆུ་ཚའི་ཁུལ ༡༦༩ ཁྲོད་དུ་དྲོད་ཚད་ཏུའུ ༨༠°C ཡན་གྱིས་ ༢༢% བཟུང་ཡོད་ལ། དྲོད་ཚད་ཏུའུ་ ༦༠°C ནས་ ༨༠°C བར་གྱིས་ ༢༦% བཟུང་ཡོད། ཏུའུ་ ༤༠°C ནས ་ ༦༠°C བར་གྱིས་ ༣༥% བཟུང་ཡོད། ཏུའུ་ ༤༠°C ལས་དམའ་བའི་ཁག་གིས་ ༡༧% བཟུང་ཡོད་དོ།།
རྒྱུས་ལོན་བྱུང་བ་ལྟར་ན། དྲོད་ཚད་མཐོ་བའི་ས་འོག་ཚ་ནུས་དེ་སྤྱིར་བཏང་དུ་ས་གཤིས་འགུལ་སྐྱོད་ཅུང་དྲག་པའི་བྲག་ལེབ་མཐའ་མཚམས་སུ་གནས་ཡོད་ལ། ད་དུང་མེ་རི་དང་ས་ཡོམ། བྲག་ཞུན་བཅས་ཀྱི་སུམ་འཛུལ་ཁུལ་དུའང་ཁྱབ་ཡོད་པ་རེད།བོད་ལྗོངས་ཀྱི་ཡངས་པ་ཅན་གྱི་སའི་ཚ་ཞིང་དང་འཁྱགས་གླིང་གི་སའི་ཚ་ཞིང་། ནེའུ་ཙི་ལན་གྱི་སའི་ཚ་ཞིང་། ད་དུང་ཉི་ཧོང་གི་སའི་ཚ་ཞིང་སོགས་ནི་འཛམ་གླིང་གི་མིང་ཏུ་གྲགས་པའི་དྲོད་ཚད་མཐོན་པོ་ཅན་གྱི་སའི་ཚ་ཞིང་ཡིན་ལ། བོད་ལྗོངས་ཡངས་པ་ཅན་གྱི་སའི་ཚ་ཞིང་ནི་རང་རྒྱལ་གྱི་ཆེས་ཆེ་བའི་ས་འོག་ཚ་ནུས་ཀྱི་གློག་འདོན་ས་ཚིགས་ཡིན་པར་མ་ཟད་འཛམ་གླིང་སྟེང་ནས་སའི་ཚ་ནུས་བེད་སྤྱད་དེ་བཟོ་ལས་རང་བཞིན་གྱི་གློག་འདོན་ལས་གྲྭ་གཉེར་མཁན་ཉག་གཅིག་པུ་དེ་ཆགས་ཡོད།” ཅེས་བཀོད་འདུག

ཐེངས་ 42125 བཀླགས་འདུག