Donate

བོད་མིས་ཁོར་ཡུག་གཏོར་བཤིག་ལ་ངོ་རྒོལ་ཐེངས་བཅུ་གཉིས་ཙམ་བྱུང་ཟེར།

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གིས་ཁ་བྱང་ལ་“བོད་མདོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ངོ་རྒོལ་” ཞེས་འཁོད་པའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། པར་རིས་འདྲ་མིན་གྱི་ལམ་ནས་བོད་མིས་རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཤིག་ལ་ངོ་རྒོལ་བྱེད་བཞིན་པའི་རྣམ་པ་གསལ་སྟོན་བྱས་འདུག

Tibet Environmentཟླ་འདིའི་ཕྱི་ཚེས་༢ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གིས་གསར་ཏུ་བཏོན་པའི་སྙན་ཐོ་དེའི་ནང་། ཕྱི་ལོ་༢༠༡༠ ནས་བཟུང་མཚོ་སྔོན་དང་སི་ཁྲོན། ཡུན་ནན། ཀན་སུའུ་སོགས་བོད་ཀྱི་ས་ཁུལ་ཁག་ཏུ་བདེན་དཔང་ཐུབ་པའི་ངོ་རྒོལ་ཐེངས་བཅུ་གཉིས་ཙམ་བྱུང་ཡོད་པ་དང་། གཏེར་ཁ་སྔོག་འདོན་ནི་ངོ་རྒོལ་གྱི་རྒྱུ་རྐྱེན་གཙོ་བོ་གྱུར་ཡོད་པ་མ་ཟད། ད་དུང་ཆུ་མཛོད་དང་གཙང་ཆུ་སྦག་བཙོག་སོགས་ལའང་ངོ་རྒོལ་བྱས་ཡོད་འདུག བོད་ནི་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན་ཞིང་། དྭངས་གཙང་གི་འཐུང་ཆུའི་ཐོན་ཁུངས་དང་གསེར། དངུལ། ཟངས། ལྕགས་སོགས་ཀྱི་གཏེར་རྫས་རིགས་སྣ་ཚོགས་དང་། བོད་མདོ་དབུས་མཐོ་སྒང་ནས་འབབ་པའི་གཙང་པོ་ནི་ཆུ་གློག་གི་ནུས་ཤུགས་ཡག་ཤོས་ཡིན་པ་རེད།

tibet-2013-2བོད་མིས་ངོ་རྒོལ་གྱི་ནང་དུ་མི་སྒེར་གྱི་བྱ་སྤྱོད་དང་གསར་གཏོད་རང་བཞིན་ལྡན་པའི་ངོ་རྒོལ་གྱི་རྣམ་པ་ཡོད་པ་དཔེར་ན། དར་མདོ་རྫོང་གི་བོད་མིས་ཕྱི་ལོ་༢༠༡༣ ལོར་ཉ་ཤི་པའི་རོ་སྲིད་གཞུང་གི་ལས་ཁུངས་མདུན་སྤུངས་ཏེ། མི་བརྒྱ་ཕྲག་བརྒལ་བ་མཉམ་ཞུགས་ཀྱི་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད། གནས་སྟངས་ཁ་ཤས་ཀྱི་འོག་ཏུ། ངོ་རྒོལ་བས་སྲིད་གཞུང་གིས་རྒྱ་ནག་རང་ཉིད་ཀྱི་ཁོར་ཡུག་རྩ་ཁྲིམས་ལག་བསྟར་ལ་ཤུགས་སྣོན་དགོས་པའི་རེ་བ་ཁོ་ན་བཏོན་པ་དང་། ངོ་རྒོལ་བས་ད་དུང་རྒྱལ་དར་འཕྱར་བ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གཏམ་བཤད་ལུང་འདྲེན་བྱས་པ་སོགས། ངོ་རྒོལ་རྔམ་སྟོན་ནང་ཆབ་སྲིད་ཀྱི་རྒྱུ་རྐྱེན་མེད་པར་བཟོ་ཐབས་བྱས་ཡོད།

སྤྱིར་རྒྱ་ནག་སྲིད་གཞུང་གིས་ཀྱང་འབྲེལ་ཡོད་ཁྲིམས་ལུགས་གཞིར་བཟུང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། བཟང་ཕྱོགས་ཀྱི་མཇུག་འབྲས་ཧ་ཅང་ཐོན་དཀོར་པར། ངོ་རྒོལ་གྱི་ལས་འགུལ་མང་ཤོས་ལ་དྲག་གནོན་བྱས་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གིས་རྫ་སྟོད་རྫོང་ཏུ་ཕྱི་ལོ་༢༠༠༨ ལོའི་ཟླ་༨ པའི་ནང་བྱུང་བའི་ངོ་རྒོལ་ལས་འགུལ་ལ་དཔེར་བཞག་སྟེ། ས་གནས་སྲིད་གཞུང་གིས་བཅར་རྡུང་དང་མིག་ཆུ་འབྱིན་པའི་དུག་རླངས་གཡུགས་པ། དེ་བཞིན་ཐད་ཀར་མེ་མདའ་བརྒྱབ་པ་སོགས་བྱས་ཏེ་ངོ་རྒོལ་བའི་མང་ཚོགས་ཁ་གཏོར་པ་དང་། ད་དུང་ཡུན་ནན་བདེ་ཆེན་རྫོང་ལ་ཆ་བཞག་ན། ཕྱི་ལོ་༢༠༡༤ ལོའི་ཟླ་༧ པའི་ནང་ཉེན་རྟོག་པས་ངོ་རྒོལ་བ་བཅར་རྡུང་བྱས་པ་དང་། གཏེར་ཁ་སྔོག་འདོན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བས། “གལ་ཏེ་བོད་མིས་ངོ་རྒོལ་མུ་མཐུད་དུ་བྱས་པ་ཡིན་ན། སྲིད་གཞུང་ལ་ངོ་རྒོལ་བ་གསོད་ཆོག་པའི་རྒྱུ་མཚན་འདང་ངེས་ཡོད་”ཅེས་བཤད་ཡོད།

བོད་མིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་ནས་རྒྱུན་དུ་སྲིད་གཞུང་དང་འགལ་ཟླ་ཆགས་ཀྱི་ཡོད་ཅིང་། ནག་ཆུ་འབྲི་རུ་རྫོང་དུ་ཕྱི་ལོ་༢༠༡༣ ལོའི་ཟླ་༥ པའི་ནང་བྱུང་བའི་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་གྱི་ལས་འགུལ་བྱུང་བའི་རྗེས། སྲིད་གཞུང་གིས་མི་རིང་བར་རྫོང་དེའི་ནང་དུ་ཆབ་སྲིད་སློབ་གསོ་སྤེལ་འགོ་བཙུགས་ཡོད་པ་དང་། དེར་བརྟེན་ནས་ངོ་རྒོལ་དང་དྲག་གནོན་བྱུང་ཡོད་ལ། ས་གནས་བོད་མི་ངོ་རྒོལ་བ་ཁ་ཤས་ལ་མེ་མདའ་ཡང་ཐེབས་ཏེ། ཉུང་མཐར་ཡང་བོད་མི་གཅིག་བཅར་རྡུང་གནར་གཅོད་ཁྲོད་རྐྱེན་ལམ་དུ་བཏང་པ་དང་། བོད་མི་གཞན་ཞིག་ལ་ལོ་༡༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་ལྗིད་མོ་བཅད།

སྙན་ཐོའི་ནང་བསྟན་པ་ལྟར་ན། རྒྱ་ནག་གཏེར་སྔོག་བཟོ་ལས་ཁག་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་ངོ་རྒོལ་ཆེད། ཐ་ན་བོད་མིས་རང་སྲོག་བཅད་པ་སོགས་བྱུང་ཡོད་ཅིང་། ཉུང་མཐར་ཡང་བོད་མི་གཉིས་ཀྱིས་གཏེར་ཁ་སྔོག་འདོན་གྱི་ཉེ་འཁོར་རང་ལུས་མེར་སྲེག་བཏང་ཡོད།

སྙན་ཐོའི་ནང་བོད་མི་ཞིག་གི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། “བོད་མིས་ཚན་རིག་ལ་བརྟེན་ནས་སའི་གོ་ལའི་རིན་ཐང་ལ་ངེས་ཤེས་རྙེད་པ་མ་ཡིན་པར། ཆོས་ལུགས་ཐོག་ནས་ང་ཚོའི་མི་རབས་གོང་མ་རྣམས་ཀྱིས་མི་ལོ་སྟོང་ཕྲག་འགའི་རིང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལས་རྒྱུས་ལོན་བྱུང་བ་དང་། བླ་མཚོ་དང་གནས་རི་རྩ་ཆེན་དེ་དག་ལས་གཏེར་ཁ་སྔོག་འདོན་བྱེད་པ་ནི། ཁོར་ཡུག་གཏོར་བཤིག་དང་སྦག་བཙོག་གཅིག་པུ་ཞིག་རྩར་ནས་མ་ཡིན་པར། དེས་ང་ཚོའི་སྲོལ་རྒྱུན་དང་ཆོས་ལུགས་དད་མོས། མི་རབས་གོང་མ་རྣམས་ཀྱིས་ང་ཚོར་བཞག་པའི་ཤུལ་དངོས་ལ་གཏོར་བརླག་གཏོང་བ་ཞིག་རེད།”

སྙན་ཐོའི་ནང་ངོས་འཛིན་བྱས་དོན། བོད་མི་ཧ་ཅང་མང་པོ་ཞིག་གིས་རང་ཉིད་ནི་འཚོ་གནས་ཁོར་ཡུག་ཁྲོད་ཀྱི་རིན་ཐང་ལྡན་པའི་ས་ཆུ་སྲུང་སྐྱོབ་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་དང་། ས་ཆུའི་རིན་ཐང་ནི་ཉོ་ཚོང་ལས་བྱུང་བའི་ཁེ་སོང་ཐེངས་གཅིག་གི་རིན་ཐང་དང་བསྡུར་ཐབས་གཏན་ནས་མེད་པ་རེད།།

ཡོང་ཁུང་བོད་ཀྱི་བང་ཆེན།

ཐེངས་ 42222 བཀླགས་འདུག