Donate

བྱང་སྣེ་གླིང་གི་བྱ་པེན་གྷུན།

བྱ་པེན་གྷུན་ཟེར་བ་འདི་བྱང་ཨ་ཊི་ལན་ཊི་རྒྱ་མཚོའི་ཉེ་འཁོར་དུ་འཚོ་གནས་བྱེད་བཞིན་ཡོད་པ་དང༌། འདི་དང་རིགས་འདྲ་བ་ཁ་ཤས་ས་གནས་འགའ་ཤས་ལ་ཡོད་ཀྱང༌། མང་ཆེ་བ་གོང་གསལ་འཁྱག་རོམ་གྱི་ས་ཆ་དེར་གནས་ཀྱི་ཡོད།

བྱང་སྣེ་གླིང་གི་བྱ་པེན་གྷུན།བྱ་འདི་འཕུར་བའི་ནུས་རྩལ་ཞན་ཞིང༌། རྒྱུན་དུ་འཁྱག་རོམ་ནང་དང་དེའི་ཉེ་འཁོར་ལ་བརྒྱ་སྟོང་མང་པོ་མཉམ་དུ་ཁྱུ་ཚོགས་བྱས་ཏེ་སྡོད་ཀྱི་ཡོད། བྱ་འདི་རིགས་བརྒྱ་ཆ་ ༧༥ རྒྱ་མཚོའི་ནང་གནས་ཀྱི་ཡོད་པ་དང༌། ཆུ་རྐྱལ་མཁས་ཤིང་ཆུ་རྐྱལ་རྒྱག་སྐབས་མགྱོགས་ཚད་ཧ་ཅང་ཆེ། པེན་གྷུན་ལུས་རྒྱབ་དང་མགོ་ཡི་སྤུ་ནག་པོ་དང༌། བྲང་དཀར་པོ་ཡིན་ཞིང་གཟུགས་ཚད་མཐོ་ཤོས་ལ་སན་ཊི་མི་ཊར་༡༢༠ ལྷག་ཡོད་པ་དང༌། པེན་གྷུན་རྒྱལ་པོ་ཟེར་བ་རིགས་གཅིག་ཡོད་པས་དེའི་གཟུགས་པོའི་མཐོ་ཚད་ལ་སན་ཊི་མི་ཊར་ ༩༠ ནས་ ༩༧ བར་ཡོད།

པེན་གྷུན་རྒྱལ་པོ་རིགས་དེ་ལྷོ་ཨ་མི་རི་ཁ་དང་དེའི་ཉེ་འཁོར་གྱི་གླིང་ཕྲན་དང་རྒྱ་མཚོ་སོགས་སུ་འཚོ་གནས་བྱེད་བཞིན་ཡོད་པས། གཟུགས་པོའི་ཚོས་གཞི་ཅུང་མི་འདྲ་ཞིང༌། སྐེ་དང་མཇིང་པ་ཚོས་གཞི་སེར་པོ་ཡིན། ཡང་བྱ་འདིའི་རིགས་གཟུགས་གཞི་ཅུང་ཆུང་བ་ཡིན་པ་ཚོས་གཞི་སྔོན་པོ་ཅན་ཞིག་ཡོད་པས། དེ་ཨུ་སི་ཊི་ལི་ཡ་དང༌། ནེའུ་རྫི་ལན་ཌི་སོགས་སུ་ཡོད་པ་དང༌། དེའི་གཟུགས་པོའི་མཐོ་ཚད་ལ་སན་ཊི་མི་ཊར་ ༤༡ ཙམ་ཡོད། དེ་བཞིན་མིག་སེར་པོ་ཅན་པེན་གྷུན་རིགས་ཤིག་ཡོད་པས། དེ་ནེའུ་རྫི་ལན་ཌི་དང༌། ལྷོ་ཨ་མི་རི་ཁ། དེའི་ཉེ་འཁོར་གྱི་མཚོ་དང་མཚེའུ་སོགས་སུ་གནས་ཀྱི་ཡོད། བྱ་དེའི་སྤུ་བརྗེ་བའི་སྐབས་སུ་ཆུའི་ནང་འཛུལ་གྱི་མེད།

གྲང་ངར་ཆེ་བའི་གནམ་གཤིས་དང་འཁྱག་རོམ་ལ་འཚོ་གནས་བྱེད་རྒྱུ་ནི་བྱ་འདིའི་འཚོ་བའི་གོམས་གཤིས་དང་དགའ་ཤོས་དེ་ཡིན། བྱ་འདི་རིགས་ཀྱི་གཟུགས་དབྱིབས་ནི་རྐང་པ་ཐུང་ཐུང་དང༌། གཤོག་པ་ཐུང་ཐུང༌། མགོ་ཆུང་ཆུང་བཅས་ཡོད། འགྲོ་སྐྱོད་བྱེད་སྐབས་རྐང་པར་བརྟེན་པ་མ་ཟད། བྲང་ལ་བརྟེན་ནས་འགྲོ་བ་སོགས་ཡོང་གི་ཡོད། ཁ་ཟས་གཙོ་བོ་ཆུ་ནང་གི་ཉ་རིགས་དང་ཆུ་གནས་སྲོག་ཆགས་ཆུང་རིགས་ཡིན། བྱ་འདིའི་ཆགས་འཕེལ་སྐབས་ཕོ་མོ་གཉིས་ཟུར་དུ་ཁེར་རྐྱང་དུ་སྡོད་ཀྱི་ཡོད། སྐབས་དེ་དུས་གནམ་གཤིས་ཆེས་གྲང་བའི་སྐབས་ཡིན།

བྱ་དེའི་ཚང་ནི་རྒྱ་མཚོའི་ངོས་ནས་སྤྱི་ལེ་མང་པོའི་སར་ཡོད་པ་དང༌། སྐྱེ་འཕེལ་ཐེངས་གཅིག་ལ་སྒོ་ང་གཉིས་ཙམ་གཏོང་གི་ཡོད། སྒོ་ང་རུམ་རྒྱུའི་འགན་དེ་པེན་གྷུན་ཕོ་ཡིས་ཁུར་བ་དང༌། སྐབས་དེའི་པེན་གྷུན་ཕོ་བཟའ་བཏུང་ཅི་ཡང་མི་བྱེད་པར་ལུས་སྟོབས་ཅུང་ཞན་པོ་ཆགས་ཀྱི་ཡོད། དབྱར་དུས་འགོ་འཛུགས་སྐབས་ཕ་མ་གཉིས་དང་བྱ་ཕྲུག་ཚང་མ་རྒྱ་མཚོ་རུ་ལོག་འགྲོ་ཡི་ཡོད།

འཛམ་གླིང་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་དབང་གིས་བྱ་འདིའི་འཚོ་གནས་ཁོར་ཡུག་ལ་དམིགས་བསལ་དཀའ་ངལ་འཕྲད་ཀྱི་ཡོད་པ་དང༌། ད་དུང་བྱ་འདིའི་རིགས་ཤ་དང་པགས་སྤུའི་ཆེད་མིས་མང་པོ་རྔོན་རྒྱག་བྱེད་ཀྱི་ཡོད་ཅིང༌། དེ་བཞིན་ཤ་གཟན་སྲོག་ཆགས་རིགས་དང་སེམས་ཅན་གཞན་གྱི་ཁ་ཟས་ཆེད་དུ་ཆེས་མང་པོ་ཚེ་སྲོག་ཤོར་གྱི་ཡོད་པ་རེད། བྱ་འདིའི་ཚེ་ཚད་ལོ་༡༥ ནས་༢༠ བར་ཡིན་ཞིང༌། སྟོངས་ལ་ཉེ་བའི་འདབ་ཆགས་རིགས་ཤིག་ཡིན་པས་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ཟུར་རྒྱན་དང་པོའི་སྲུང་སྐྱོབ་གྲས་སུ་ཡོད་པ་རེད།།

པེན་གྷུན་སྐོར་དཔྱད་གཞིའི་ཡིག་ཆ།

1 Microsoft Encarta Reference Library 2006

2 http://www.defenders.org/wildlife_and_habitat/wildlife/penguin.php

 

ཐེངས་ 42159 བཀླགས་འདུག