Donate

བྱང་སྣེ་དོམ་དཀར་ངོ་སྤྲོད།

དོམ་དཀར་པོ་ནི་ཨ་རི་དང༌། ཨུ་རུ་སུ། ནོར་ཝེ། ཁེ་ན་ཌ་སོགས་ཀྱི་ཁུལ་དུ་གནས་པའི་རྩ་ཆེའི་སྲོག་ཆགས་ཤིག་ཡིན་པ་དང༌། སྲོག་ཆགས་འདི་མང་ཆེ་བ་ཁེ་ན་ཌ་ལ་གཙོ་བོ་འཚོ་གནས་བྱེད་ཅིང༌། དོམ་དཀར་ནི་གོང་གསལ་ཡུལ་དེ་དག་གི་ཆེས་གྲང་ངར་ཆེ་བའི་གནམ་གཤིས་གངས་དང་རྒྱ་མཚོའི་འཁྱག་རོམ་དཀྱིལ་དུ་གནས་ཤིང༌། བྱང་སྣེ་དོམ་དཀར།རྒྱུན་དུ་ཆུའི་ནང་དུ་འཛུལ་ནས་ཁ་ཟས་འཚོལ། ལུས་ཡོངས་རྫོགས་ཀྱི་སྤུ་མདོག་དཀར་པོ་ཡིན་པ་མ་ཟད། སྤུ་སྣ་ཡང་ཆེས་རིང་པོ་ཡོད་པས་དེས་ལུས་ལ་དྲོད་སྦྱིན་ཐུབ་ཀྱི་ཡོད་པར་བཤད། ལག་པ་རེར་རྣོ་ངར་ལྡན་པའི་སྡེར་མོ་ལྔ་ཡོད་པས། དེས་འཁྱག་པ་བརྐོ་བྱེད་དང་ཉ་ཆེན་འཛིན་ས་སོགས་ལ་བེད་སྤྱོད་ཆེན་པོ་ཡོད།

འཚོ་རྟེན་བྱེད་ས་གཙོ་བོ་ཉ་རིགས་ཡིན། སྲོག་ཆགས་འདི་ནི་དོམ་རིགས་ནང་ནས་ཆེ་ཤོས་དེ་ཡིན་པ་དང༌། ལྗིད་ཚད་ཆེས་ཆེ་ཤོས་ལ་སྤྱི་རྒྱ་ ༨༠༠ ཙམ་དང༌། སྤྱིར་ཕོའི་ལྗིད་ཚད་ལ་སྤྱི་རྒྱ་ ༣༥༠ ལྷག མོའི་ལྗིད་ཚད་ལ་སྤྱི་རྒྱ་ ༢༥༠ ཙམ་ཡོད། དོམ་དཀར་མོ་ཆགས་འཕེལ་རྗེས་གངས་ལ་ཚང་བཟོས་ནས་གནམ་གཤིས་གྲང་བའི་སྐབས་དགུན་ཉལ་བྱེད་ཀྱི་ཡོད། མངལ་སྦྲུམ་གྱི་དུས་ཡུན་ཟླ་བ་དགུ་ཡིན་པ་དང༌། ཕྱི་ཟླ་དང་པོའི་ནང་དོམ་ཕྲུག་སྐྱེ་འཕེལ་བྱེད་ཅིང་ཐེངས་གཅིག་ལ་དོམ་ཕྲུག་གཉིས་ཙམ་སྐྱེ་ཡི་ཡོད།

དོམ་ཕྲུག་ཉིན་གྲངས་ ༤༠ རྗེས་ནས་མིག་ཕྱེ་ཡི་ཡོད་པ་དང༌། དོམ་དཀར་མང་ཆེ་བ་ཁེར་རྐྱང་དུ་སྡོད་རྒྱུར་དགའ་ཞིང༌། ལྷག་པར་སྲོག་ཆགས་འདི་སྤྱང་གྲུང་དོད་ཅིང༌། སྣའི་དྲི་ཚོར་རྣོ། སྲོག་ཆགས་འདི་རང་ཉིད་དགའ་བའི་གྲང་ངར་ཁྲོད་དུ་གནས་པའི་སྲོག་ཆགས་རིགས་མ་གཏོགས། མི་དང་ཐུག་ན་སྣང་མེད་བཏང་སྟེ་གནོད་པ་བྱེད་ཀྱི་མེད། བྱང་སྣེ་དོམ་དཀར་གྱི་གྲངས་འབོར་ནི་ཁྲི་གཉིས་ཙམ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་དང༌། ཉེ་བའི་ལོ་ཤས་ནང་སྲོག་ཆགས་འདི་རྔོན་རྒྱག་མང་པོ་བྱས་པའི་རྐྱེན་གྱིས་ད་ཆར་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན།

ལྷག་པར་ས་ཡི་གོ་ལ་དྲོད་ཚད་ཆེ་རུ་འགྲོ་ཡི་ཡོད་པ་དང་བསྟུན་དོམ་དཀར་གྱི་འཚོ་གནས་བྱ་ཡུལ་འཁྱག་རོམ་མང་པོ་ཞུ་འགྲོ་ཡི་ཡོད་པས། སྲོག་ཆགས་འདིའི་འཚོ་གནས་ལ་དམིགས་བསལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལ། གྲངས་འབོར་ཡང་རང་བཞིན་གྱིས་ཉུང་དུ་འགྲོ་བཞིན་ཡོད། རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གིས་སྲུང་སྐྱོབ་ལས་དོན་བྱེད་བཞིན་ཡོད་པ་དང༌། ལྷག་པར་དུ་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་སྲུང་སྐྱོབ་ཀྱི་གྲས་སུ་འཁོད་པ་རེད། དོམ་དཀར་གནས་ཡུལ་རྒྱལ་ཁབ་དེ་དག་གི་རི་སྐྱེས་སྲུང་སྐྱོབ་ཀྱི་ཁྲིམས་དོན་གཞིར་བཟུང་སྲུང་སྐྱོབ་ཀྱི་ལས་དོན་བྱེད་བཞིན་ཡོད་པ་རེད།།

 

ཐེངས་ 42210 བཀླགས་འདུག