Donate

མ་ཡུམ་གྱི་གོ་ལ་༼སྔོན་ལྗང་ཅན་གྱི་གྲོང་ཁྱེར།༽

མ་ཡུམ་གྱི་གོ་ལ་༼སྔོན་ལྗང་ཅན་གྱི་གྲོང་ཁྱེར།༽

འདི་ལོ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༢ རེས་གཟའ་མིག་དམར་ཉིན་སན་ཧྥ་རན་སི་ཀོ་ནས་སན་ཇན་དབར་དང་། པེ་ཅིང་ནས་བྷུ་ཟལ་བར། མའོ་སི་ཁོ་ནས་མར་རཱ་ཁི་ཤེ་དབར་འཛམ་གླིང་གི་རྒྱལ་ཁབ་༡༩༠ནང་ཁྱོན་མི་གྲངས་ཐེར་འབུམ་གཅིག་ལྷག་ཙམ་གྱིས་སའི་གོ་ལའི་ཉིན་མོ་<<Earth Day>><<地球日>>ཐེངས་ ༤༤ པ་སྲུང་བརྩི་བྱས།

འདི་ལོར་སྔོན་ལྗང་ཅན་གྱི་གྲོང་ཁྱེར་<<Green Cities >>ཞེས་པའི་འབོད་སྒྲ་འོག མི་རྣམས་ཀྱིས་རྩི་ཤིང་འདེབས་འཛུགས་དང་། ཁོར་ཡུག་གཙང་བཟོ། ས་གནས་སོ་སོས་འོས་འདེམས་བྱས་པའི་འགོ་ཁྲིད་སོགས་འབྲེལ་ཡོད་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་དང་ཞུ་གཏུགས་བཅས་ཀྱི་ལས་འགུལ་སྣེ་མང་སྤེལ་འདུག

སའི་གོ་ལ་ཉིན་མོ་ནི། ལོ་ལྟར་ཕྱི་ཟླ་ ༤ པའི་ཚེས་ ༢༢ ཉིན་འཛམ་གླིང་གི་རྒྱལ་ཁབ་༡༩༢ལྷག་ཙམ་ནང་སྲུང་བརྩི་ཐོག ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་ལས་འགུལ་སྣེ་མང་སྤེལ་བའི་ཉིན་མོ་ཞིག་ཡིན་པ་དང་། ཐོག་མར་ཕྱི་ལོ་ ༡༩༦༩ ལོར་སན་ཧྥ་རན་སི་ཀོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་ཚོགས་ཆུང་(UNESCO)གི་ལྷན་ཚོགས་ཤིག་གི་ཐོག་ཞི་བའི་འཐབ་རྩོད་པ་སྐུ་ཞབས་ཇོན་མེ་ཁི་ཀོན་ནལ་ John McConnell མཆོག་གིས་ཞི་བདེའི་རྣམ་པ་མཚོན་ཆེད་སའི་གོ་ལའི་ཉིན་མོ་ཟེར་བ་ཞིག་དགོས་ལུགས་གྲོས་འཆར་བཏོན།

སྐུ་ཞབས་ཇོན་མེ་ཁི་ཀོན་ནལ་མཆོག་གིས་བསྒྲགས་གཏམ་བྲིས་པ་དང་། སྐབས་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨུ་ཐན་ཋི་ U-Thant མཆོག་གིས་མིང་རྟགས་བཀོད་ནས་ཕྱི་ལོ་ ༡༩༧༠ ཟླ་ ༣ པའི་ཚེས་ ༢༡ ཉིན་ཆེས་ཐོག་མའི་སའི་གོ་ལ་ཉིན་མོ་སྲུང་བརྩི་བྱས།

དེ་རྗེས་ཟླ་བ་གཅིག་ཙམ་གྱི་རྗེས་སའི་གོ་ལའི་ཉིན་མོ་གཞན་ཞིག་སྟེ། ༡༩༦༩ ལོར་ཨ་རིའི་མངའ་སྡེ་ཁལ་ཕོར་ནི་ཨའི་གྲོང་ཁྱེར་བྷར་བྷ་རཱའི་ནང་ཆུའི་ནང་རྡོ་སྣུམ་ལུད་པའི་གནས་ཚུལ་ཐོན་རྗེས། ཕྱི་ལོ་ ༡༩༧༠ ཟླ་ ༤ ཚེས་ ༢༢ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་གྷའེ་ལོར་ཌི་ནིལ་སོན་མཆོག་གིས་ཁོར་ཡུག་སྐོར་འབྲེལ་བརྗོད་གཏམ་བཤད་སྤེལ་བ་དང་། ཁོང་གི་མཛད་རྗེས་ལ་བརྟེན་རྗེས་སུ་ཁོང་ལ་སྲིད་འཛིན་གྱི་མཚན་ཐོག་ནས་རང་དབང་གི་བྱ་དགའ་ཐོབ་པ་དང་། དེ་ནས་བཟུང་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་ནི་སའི་གོ་ལའི་ཉིན་མོ་སྲུང་བརྩི་བྱས་པས། ཁོང་ནི་སའི་གོ་ལའི་ཉིན་མོ་གསར་གཏོད་པ་ཞིག་ཀྱང་བརྩི་ཆོག

ཐོག་མར་སའི་གོ་ལ་ཉིན་མོ་འདི་ཨ་རི་ཁོ་ན་ཙམ་གྱི་ནང་སྲུང་བརྩི་དར་སྲོལ་ཤུགས་ཆེ་ཤོས་ཤིག་ཡིན་རུང་། རིམ་བཞིན་སའི་གོ་ལའི་ངོས་སུ་གནས་པའི་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་ཁྱབ་ནས། ཉིན་དེར་ཁོར་ཡུག་ལ་གཅེས་འཛིན་དང་སྲུང་སྐྱོབ་དགོས་པའི་དྲན་གསོ་གྱི་ཉིན་མོ་སྲུང་བརྩི་བྱས་དང་བྱེད་བཞིན་པའི་ལས་འགུལ་ཞིག་ཡིན་པ་རེད།

འདི་ལོའི་སའི་གོ་ལ་ཉིན་མོ་དང་འབྲེལ་བའི་རྒྱ་གར་གྱི་གྲོང་ཁྱེར་ཁག་གི་ནང་སྤྱི་གླིང་དང་ལྡུམ་རྭ་ཡུན་གནས་ཆེད། གོ་ལ་སྲུང་སྐྱོབ་ཀྱི་འབྲེལ་མཐུད་པའི་མཉམ་འབྲེལ་ཚོགས་པ་རྒྱལ་སྤྱིའི་རོ་ཊར་ཚོགས་པས་<<སྒྱུ་འཕྲུལ་སྔོན་ལྗང་>>Green Magic ཞེས་རྒྱ་གར་རྒྱལ་ཡོངས་སུ་སྐྱེ་དངོས་གྲངས་ས་ཡ་ ༡༠ འདེབས་འཛུགས་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་འདུག

ཐེངས་ 42327 བཀླགས་འདུག