Donate

མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བདག་མེད་སེམས་ཅན་སྐོར་བཀའ་སློབ།

བོད་པ་ཚོས་འཇིག་རྟེན་གྱི་ལྟ་ཚུལ་ལ་བྱས་པ་ཡིན་ན། འཇིག་རྟེན་འདིའི་ཐོག་ལ་གནས་པའི་སྲོག་ཆགས་ཡོངས་རྫོགས་སྤྱི་མཐུན་གྱི་ལས་ལས་གྲུབ་པ་ཡིན་པ་འདོད་ཀྱི་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང་ས་ཡི་གོ་ལ་འདིའི་ཐོག་ལ་གནས་པའི་སྲོག་ཆགས་འབུ་སྲིན་ཕྲ་རབ་ཡན་ཆད་ཚང་མ་རང་རང་གི་སྤྱི་མཐུན་གྱི་ལས་ལས་གྲུབ་པའི་ས་ཡི་གོ་ལའི་བདག་དབང་བྱེད་རྒྱུའི་ཐོབ་ཐང་ཡོད་པ་ཡིན་ཙང༌། དེའི་འབྱུང་བའི་ཁོར་ཡུག་དེ་ལ་ཚང་མས་འདྲ་མཉམ་གྱི་ལོངས་སུ་སྤྱོད་དགོས་པ་རེད་མ་གཏོགས། མིའི་འགྲོ་བ་རྐྱང་རྐྱང་གིས་གང་བྱུང་མ་བྱུང་བྱས་ནས་བག་མེད་ལོངས་སྤྱོད་བྱེད་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་མ་རེད། གལ་སྲིད་བག་མེད་ལོངས་སྤྱོད་བྱས་པ་ཡིན་ན་དེ་ལ་བདག་དབང་ཡོད་མཁན་གྱི་སེམས་ཅན་གཞན་པ་མང་པོ་ཞིག་གི་བདག་དབང་ལ་བརྡལ་གཤིགས་དང་ཁོང་ཚོར་བཤུ་གཞོག་ཆགས་འགྲོ་ཡི་ཡོད་པ་རེད། ལྷག་པར་དུ་ནང་པའི་ཆོས་ཀྱི་ངོས་ནས་བལྟས་པ་ཡིན་ན་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་དང་བཏང་སྙོམས་ཀྱི་བསམ་ཚུལ་དང༌། དེ་ལས་ལྷག་པའི་བྱམས་པ་དང༌། སྙིང་རྗེའི་བསམ་ཚུལ་སྒོམ་དགོས་པ་ཡིན་དུས། ང་རང་ཚོ་ཚང་མས་འཇིག་རྟེན་འདིའི་ཐོག་ལ་གནས་པའི་སྲོག་ཆགས་ཚང་མའི་བདེ་དོན་ལ་བསམ་བློ་གཏོང་དགོས་པ་དང༌།  ཁོ་ཚོའི་འཚོ་བར་མི་གནོད་པ་བྱེད་དགོས་པ་དེ་ནང་པ་ཡོངས་རྫོགས་ཀྱི་གཞི་རིམ་གྱི་འཚེ་བ་མེད་པའི་བསམ་བློའི་ལྟ་གྲུབ་ཀྱི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། བོད་གངས་ཅན་ལྗོངས་ལྟ་བུ་ལ་ཆ་མཚོན་པ་ཡིན་ན་ཆོས་རྒྱལ་བཀའ་དྲིན་ཅན་རིམ་བྱོན་བརྒྱུད་དེ་ནང་པའི་ཆོས་བོད་ལ་དར་བ་ནས་བཟུང་བོད་ལ་གནས་པའི་བྱ་རི་དྭགས་དང༌། སྲོག་ཆགས་ཕྲ་མོ་ཡན་ཆད་སྲུང་སྐྱོབ་བྱེད་རྒྱུའི་རི་རྒྱ་ཀླུང་རྒྱ་བསྡམས་པའི་ཆོས་སྲིད་ཟུང་འབྲེལ་གྱི་ཁྲིམས་བཟང་པོ་ཞིག་དར་ཡོད་པ་རེད། དེ་འདྲའི་ཁྲིམས་དེ་ཕྱི་ལོ་༡༩༥༩ ང་ཚོ་སྐྱབས་བཅོལ་ཡོང་དགོས་པའི་གནས་བབས་མ་ཆགས་བར་དུ་རྒྱུན་གནས་ཐུབ་ཡོད་པ་ཞིག་དང༌། ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་ད་དུང་དེའི་ཐོག་ལ་སྲུང་སྐྱོབ་གནང་བའི་ཡུལ་ཁྲིམས་དང༌། བོད་མིའི་ཡུལ་གྱི་གོམས་པའི་གཤིས་ལུགས་ཆགས་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང་བོད་ནང་ཁོར་ཡུག་གཙང་མ་དང་ལྷག་པར་དུ་བོད་ཁུལ་དུ་གནས་པའི་སྲོག་ཆགས་ཚང་མ་འཇིགས་པ་མེད་པ་རང་དབང་གིས་ངང་གནས་ཐུབ་པའི་སྐལ་བ་བཟང་པོ་ཞིག་བྱུང་ཡོད་པ་རེད། ཡིན་ནའང་བར་ལམ་ཞིག་ནས་བོད་ཀྱི་ནང་ལ་མིའི་འདོད་རྔམ་ལ་བརྟེན་ནས་རི་དྭགས་དང་གཅན་གཟན་སྲོག་ཆགས་མང་པོ་ཞིག་གི་ཤ་ཟ་རྒྱུ་དང་པགས་རིགས་ལོངས་སྤྱོད་བྱེད་རྒྱུ། ཤ་བཙོང་རྒྱུ་སོགས་དེ་འདྲ་ཡི་ཆེད་དུ་བསད་ནས་ད་ལྟ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོག་ཆགས་གཅན་གཟན་རི་དྭགས་ལ་སོགས་པ་དེ་འདྲའི་རིགས་མང་པོ་ཞིག་རྩ་སྟོངས་ལ་འགྲོ་རྒྱུའི་ཉེན་ཁའི་མཚམས་སུ་སླེབས་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁོར་ཡུག་གི་གནས་བབས་སྲུང་སྐྱོབ་བྱེད་རྒྱུ་བོད་མི་རིགས་དང་བོད་ཀྱི་རིག་གཞུང་གཉིས་ཀའི་ཆེད་དུ་གལ་གནད་ཆེན་པོ་ཞིག་ཆགས་ཡོད་དུས་ང་རང་ཚོ་ཚང་མས་བོད་ཀྱི་ཁོར་ཡུག་གནས་སྟངས་དེ་གལ་ཆེན་པོ་བརྩི་དགོས་རྒྱུ་དེ་མེད་དུ་མི་རུང་བ་ཞིག་རེད། བོད་ནང་ལ་ཡོད་པའི་བོད་རིགས་ཡིན་ན་རེད། བཙན་བྱོལ་ནང་ལ་ཡོད་པའི་བོད་རིགས་ཡིན་ན་རེད་སྤྱིར་འཛམ་གླིང་ཁོར་ཡུག་དང་ལྷག་པར་དུ་འཛམ་གླིང་ཡང་ཐོག་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་བོད་ནང་གནས་པའི་སྲོག་ཆགས་དེ་ཚོ་རྩ་མེད་མི་འགྲོ་བའི་ཐབས་ཤེས་མུ་མཐུད་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། བར་ལམ་ཞིག་ནས་བོད་པ་ཚོས་གཅན་གཟན་པགས་པ་ནག་ཚོང་རྒྱག་གི་ཡོད་པ་དང༌། དེ་ལ་བརྟེན་ནས་བོད་ཙམ་དུ་མ་ཟད་རྒྱ་གར་ནང་ཡོད་པའི་གཅན་གཟན་མང་པོའི་སྲོག་ལ་གནོད་འཚེ་འགྲོ་ཡི་ཡོད་པའི་སྐད་ཆ་མང་པོ་ལྷགས་བསྡད་ཡོད་པ་རེད། ང་རང་ཚོ་བོད་མི་རིགས་སྤྱི་ལ་མཚན་ཤས་འགྲོ་རྒྱུའི་གནས་སྟངས་ཡིན་པ་བཤད་མ་དགོས་པ་རེད། དེ་དང་ཕྱོགས་མཚུངས་པའི་སྤྱིར་བཏང་བོད་ཀྱི་སྔོན་སྲོལ་ལ་རི་དྭགས་དང་གཅན་གཟན་གྱི་པགས་པ་ཡོད་པའི་གོས་གྱོན་སྲོལ་ཡོད་པ་རེད་དེ་ད་ལྟ་ནང་བཞིན་བག་མེད་ལོངས་སྤྱོད་བྱེད་པའི་ལུགས་སྲོལ་དེ་ཡོད་པ་མ་རེད། དེ་རིང་སང་ཉིན་དུས་སྟོན་དང་དགའ་སྟོན་ལ་སོགས་པ་ལ་སྔར་དང་མི་འདྲ་བའི་པགས་རིགས་མི་འདྲ་སྣ་ཚོགས་ཡོད་པའི་གོས་གྱོན་རྒྱུ་དང་དེ་ཚོ་མཚམས་རེ་བོད་ཀྱི་རིག་གཞུང་གི་ཁྱད་ཆོས་ཡིན་པའི་རྣམ་པ་འདྲ་པོ་བསྟན་པ་དང༌། དེ་ལ་བརྟེན་ནས་མི་མང་པོས་རི་དྭགས་གཅན་གཟན་པགས་པ་བེད་སྤྱོད་བྱེད་རྒྱུའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་སྔ་རྗེས་ནང་དེ་བྱབ་ཆུང་ཆུང་རེད་མ་གཏོགས། རིག་གཞུང་སྲུང་སྐྱོབ་ཀྱི་གནས་སྟངས་ལ་འགྲོ་ཡི་ཡོད་པ་མ་རེད་གསུངས་ནས་བཀའ་ཕེབས་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང་མ་འོངས་པར་བོད་མི་ཚོས་འགྲོ་བ་ཐམས་ཅད་ལ་བྱམས་པ་དང༌། སྙིང་རྗེའི་བསམ་བློ་གཞིར་བཞག་སྟེ་རི་དྭགས་ཀྱི་རང་དབང་དང་དུད་འགྲོ་ཡི་རང་དབང་ལ་སོགས་པ་དེ་ཚོར་དམིགས་བསལ་གྱི་དོ་སྣང་བྱས་ཏེ་ལྷག་པར་དུ་ས་ཡི་གོ་ལ་འདིའི་ཁོར་ཡུག་གི་གནས་སྟངས་ཉམས་ཆག་མི་འགྲོ་བའི་ཆེད་དུ་སྲུང་སྐྱོབ་དང་མི་རིགས་ཀྱི་རྩ་དོན་ལ་ཕན་པའི་ཚང་མས་དེའི་ཐོག་ལ་དོ་སྣང་གནང་དགོས་ཀྱི་འདུག་ཅེས་གསུངས་ཡོད་པ་རེད། གསུང་བཤད་འདི་ཕྱི་ལོ་ ༢༠༠༦ ལོར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་བྱས་པའི་སྲོག་ཆགས་ཀུན་ལ་བྱམས་བརྩེ་ཞེས་པའི་བརྙན་འཁོར་ལས་ཕབ་བཤུས་བྱས།།

ཐེངས་ 42254 བཀླགས་འདུག