Donate

མངའ་རིས་རུ་ཐོག་ཏུ་གངས་ཉིལ་དོན་རྐྱེན་བྱུང་འདུག

ཁ་སང་གཟའ་ཉི་མའི་ཉིན་བོད་ནུབ་རྒྱུད་ཀྱི་མངའ་རིས་རུ་ཐོག་ས་ཁུལ་དུ་གངས་ཉིལ་ཏེ་མི་ཕྱུགས་གཉིས་གར་གོད་ཆག་ཆེན་པོ་བྱུང་ཡོད་འདུག

Screen Shot 2016-07-18 at 2.22.54 PMདེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷ་ས་ནས་སྤྱི་ལེ་ ༦༢༠ མཚམས་ཀྱི་སར་ཡོད་པའི་མངའ་རིས་རུ་ཐོག་ས་ཁུལ་གྱི་གྲོང་ཚོ་རུ་མཐོ་ཚད་ལ་ཧྥི་ཁྲི་ (feet 26)ཡོད་པའི་གངས་ཉིལ་བྱུང་སྟེ་མི་ ༩ རྐྱེན་འདས་དང་། ནོར་ ༡༡༠ དང་ལུག་ ༣༥༠ ལྷག་གངས་ཉིལ་འོག་ཤོར་ཡོད་པ་མ་ཟད། ད་སྐབས་ས་ཁུལ་དེའི་འཁྱགས་རི་མང་པོར་སེར་ག་ཆེན་པོ་གས་ཡོད་སྟབས། ས་ཁུལ་དེའི་མི་ཕྱུགས་གཉིས་ཀྱི་ཚེ་སྲོག་ལ་འཇིགས་ཉེན་འཕྲད་ཡོད་འདུག་ཅེས་འཁོད་འདུག

གནས་ཚུལ་དེའི་སྐོར་རྒྱ་ནག་གཞུང་འབྲེལ་དྲ་ཚིགས་༼ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།༽ཞེས་པར་སྤེལ་བའི་ནང་། “སྤྱི་ཟླ་ ༧ ཚེས་ ༡༧ ཉིན་གྱི་ཉིན་གུང་གི་ཆུ་ཚོད་ ༡༡ཐོག   རུ་ཐོག་རྫོང་དུང་རུ་ཤང་དུ་གློ་བུར་གངས་ཉིལ་བྱུང་ཞིང་། ས་དེར་འབྲོག་དུད་དྲུག་ཡོད་པའི་བཞིའི་མི་ ༩ ལྷག་གངས་ཉིལ་གྱིས་མནན་པ་མ་ཟད། ཕྱུག་ཟོག་ ༡༡༠ ཙམ་གངས་ཉིལ་ཁྲོད་ཤི་བ་དང་། ལུག་ ༣༥༠ ཙམ་ཡང་གར་སོང་ཆ་མེད་དུ་གྱུར་ཡོད།

ས་དེར་མྱུར་སྐྱོབ་བྱེད་པར་སླེབ་མཁན་གྱིས་ངོ་སྤྲོད་གནང་བ་ལྟར་ན། གངས་ཉིལ་བྱུང་སའི་མཐའ་འཁོར་གྱི་འཁྱགས་རོམ་མང་པོར་གས་སྲུབས་བརྒྱུགས་ཡོད་པ་མ་ཟད་མུ་མཐུད་གས་སྲུབས་རྒྱུག་བཞིན་པའི་སྒྲ་མཚམས་མཚམས་སུ་གྲག་ཡོང་བས། ཉིན་གུང་གནམ་གཤིས་ཇེ་དྲོར་གྱུར་བ་དང་བསྟུན་ནས་འཁྱགས་རོམ་དེ་དག་བརྡིབ་སྲིད་པའི་ངེས་པ་ཡོད་རྐྱེན་དེའི་མཐའ་འཁོར་དུ་ཡོད་པའི་མི་རྣམས་ཀྱིས་ངེས་པར་གཟབ་དགོས།

Screen Shot 2016-07-18 at 2.22.42 PMགངས་ཉིལ་དེ་བྱུང་བ་ཐོས་རྗེས། བོད་ལྗོངས་ཏང་ཨུད་དང་སྲིད་གཞུང་སོགས་འབྲེལ་ཡོད་སྡེ་ཚན་ནས་སྒོར་ས་ཡ་ ༢ ཙམ་གྱི་རོགས་དངུལ་དང་། སྦྲ་གུར། གྱོན་ཆས། ཟ་མ། སྨན་སོགས་གངས་ཉིལ་བྱུང་སར་བསྐྱལ་ཡོད། རུ་ཐོག་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ནུང་བྱང་མཚམས་དང་། མངའ་རིས་ས་ཁུལ་གྱི་ནུབ་བྱང་མཚམས་སུ་ཆགས་ཤིང་། མཐའ་མཚམས་རྫོང་ཞིག་ཡིན་པ་དང་། ས་བབ་མཐོ་ཚད་ལ་ཆ་སྙོམས་སྨི་ ༤༥༠༠ ཙམ་དང་། ཆེས་མཐོ་སར་སྨི་ ༦༨༠༠ ཙམ་ཡོད་ལ། སྤྱིར་རོང་མ་འབྲོག་གི་ས་ཆ་ཞིག་ཡིན་པ་ལས་འབྲོག་པ་མང་ཤོས་སུ་གྱུར་ཡོད།” ཅེས་སོགས་བཀོད་འདུག

བོད་ཀྱི་དུས་བབ་ལས་དྲངས།

ཐེངས་ 42258 བཀླགས་འདུག