Donate

མཇུག་མཐའི་ཡུལ་ལྗོངས་གཙང་མའི་རེ་འབོད་སྐྱེ་བ་ལྔ་པའི་གཤོག་སྒྲ།

རྩོམ་སྒྲིག་པ། བསྟན་འཛིན་བཀྲ་ཤིས། དང་པོ། རྩྭ་སའི་ཐོན་ཁུངས། རྩྭ་ཐང་གིས་སའི་གོ་ལའི་སྐམ་སའི་རྒྱ་ཁྱོན་གྱི་ཕལ་ཆེར་གཉིས་ཆ་གཅིག་ཟིན། ཀྲུང་གོའི་སྐམ་སའི་མངའ་ཁོངས་ཀྱི་༤༠%ནས་༥༠%ནི་རྩྭ་ཐང་ཡིན། མདོ་དབུས་མཐོ་སྒང་གིས་ཀྲུང་གོའི་སྐམ་སའི་མངའ་ཁོངས་ཁྱོན་གྱི་ལྔ་ཆའི་གཅིག་ཟིན་ཡོད།

Tibet Photoམདོ་དབུས་མཐོ་སྒང་ལ་འབྲོག་ཁུལ་ཆེན་མོ་བཅུ་གཉིས་ཡོད་དེ། བོད་ལྗོངས་ཀྱི་མངའ་རིས་དང་། ནག་ཆུའི་འབྲོག་ས་ཆེན་མོ་གཉིས་དང་། མཚོ་སྔོན་གྱི་ཡུལ་ཤུལ། མགོ་ལོག །མཚོ་ནུབ། རྨ་ལྷོ། མཚོ་བྱང་། མཚོ་ལྷོ་བཅས་འབྲོག་ས་ཆེན་མོ་དྲུག་དང་། ཟི་ཁྲོན་དཀར་མཛེས། རྔ་པའི་འབྲོག་ས་ཆེན་མོ་གཉིས་དང་། ཀན་སུའུ་ཀན་ལྷོའི་འབྲོག་ས། ཡུན་ནན་རྒྱལ་ཐང་འབྲོག་ས་བཅས་སོ། །རྩྭ་སའི་རྒྱ་ཁྱོན་བསྡོམས་པས་སྤྱི་ལེ་གྲུ་བཞི་མ་༡༡༩༣༧༣༠ཡོད་པ་དེས་བོད་ས་ཁུལ་ཡོངས་ཀྱི་༥༡.༦%ཟིན་ཡོད།

དེའི་ནང་ནས་མཚོ་སྔོན་གྱི་རང་བྱུང་རྩྭ་ས་ནི་ཡངས་ཤིང་རྒྱ་ཆེ་བས། དེའི་རྒྱ་ཁྱོན་མུ་༥༧༨༨༡༠ཡོད་པ་ལས་མཁོ་ཆོད་པའི་རྩྭ་ས་མུ་༥༠༡༧༦༠ཡོད་པ་དེས། ཞིང་ཆེན་ས་ཁྱོན་གྱི་༤༦.༡%་ཟིན་ཡོད། ཕྱུགས་ཀྱི་གཟན་རྩྭ་རིགས་ཧ་ལམ་༢༠༠ལྷག་ཡོད་པ་དེར། རྩི་བཅུད་ལྡན་ཞིང་ཐུང་ལ་གྲང་ངར་ཐེག་ཐུབ་པའི་རྩྭ་རིགས་ཤ་སྟག་གོ། བོད་ཁུལ་རྨོ་ཞིང་ལ་མུ་༡༠༦༩༧༡༠༠ཡོད་དེ། བོད་ལྗོངས་ལ་མུ་༣༤༥༠༠༠༠དང་། མཚོ་སྔོན་ལ་མུ་༢༦༠༠༠༠༠ ཀན་སུའུ་ལ་༡༥༤༠༠༠༠ རྔ་པར་༡༢༢༠༨༠༠ དཀར་མཛེས་ལ་༡༢༩༤༧༠༠ ཡུན་ནན་ལ་༥༩༡༦༠༠བཅས་ཡོད་པ་དང་འབྲུ་རིགས་འདྲ་མིན་༤༡ལྷག་ཡོད།

Tibet Photo Waterགཉིས་པ། ཆུའི་ཐོན་ཁུངས།

འཛམ་གླིང་ས་ལྒང་ཧྲིལ་བོ་ལ་སྤྱི་ལེ་གྲུ་བཞི་མ་དུང་ཕྱུར་༥.༡ཡོད། དེའི་ནང་ནས་རྒྱ་མཚོས་ཁེབས་པར་སྤྱི་ལེ་གྲུ་བཞི་མ་དུང་ཕྱུར་༣.༦ཡོད་པས་ཕལ་ཆེར་༧༡%ཟིན་ཡོད་ལ། སྐམ་སར་སྤྱི་ལེ་གྲུ་བཞི་མ་དུང་ཕྱུར་༡.༥ཡོད་པ་དེས་ཕལ་ཆེར་༢༩%ཟིན་ཡོད། ས་གཤིས་རིག་པའི་མཁས་པས་དེ་ལ་“བཅུ་ཆ་གསུམ་ནི་སྐམ་ས་དང་བདུན་ནི་ཆུ་”ཞེས་བཤད་སྲོལ་ཡོད། བཅུ་ཆའི་བདུན་གྱི་མཚོ་ཆུ་ལས་༩༧%ནི་ཚྭ་ཆུ་ཡིན་པ་དང་། འཐུང་ཆུ་ལ་༣%ལས་མེད། འཐུང་ཆུའི་སུམ་ཆ་གཉིས་ནི་འཁྱག་རོམ་གྱི་ཚུལ་དུ་ས་ལྒང་ལྷོ་བྱང་སྣེ་གཉིས་ལ་འཁྱགས་རོམ་དུ་གནས་པས། མི་ཡིས་བེད་སྤྱོད་ཐབས་བྲལ། མི་ཡིས་ཐད་ཀར་བེད་ཆོད་པའི་ཆུ་ནི་འཛམ་གླིང་ཡོངས་ཀྱི་འཐུང་རུང་པའི་ཆུ་ལས་༢%ཀྱང་ཟིན་མེད།

མདོ་དབུས་མཐོ་སྒང་ནི་དོན་དམ་དུ་བཞའ་རློན་གྱི་གླིང་ཕྲན་ཞིག་སྟེ། རྒྱ་གར་རྒྱ་མཚོ་ཆེན་མོའི་མཁའི་ལྷོ་ནུབ་ཀྱི་དུས་རླུང་གཡུག་པས། མདོ་དབུས་མཐོ་སྒང་སོགས་མཚོ་ལས་མཐོ་ཚད་རྨིས་༦༣༥༠༠ལྷག་ཡོད་པའི་ས་གཞིར་ཆར་ཆུ་གྲུབ་ནས་བབ་སྟེ། ལོ་འཁོར་མོའི་ཆར་ཆུ་འབབ་ཚད་ཧའོ་རྨིས་༡༠༠༠ནས་༢༠༠༠བར་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཆར་ཆུ་འབབ་ཚད་ཆེས་མང་བའི་ས་ཆ་ཞིག་ཡིན་པའི་ཁར། གངས་ལྗོངས་མཐོ་སྒང་ནི་གླིང་ཆེན་ཨེ་ཤ་ཡ་ཡི་ཆུ་བོའི་འབྱུང་ཁུངས་ཡིན་ཞིང་། འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་འབྲི་ཆུ་དང་རྨ་ཆུ། རྒྱལ་མོ་རྔུལ་ཆུ། རྫ་ཆུ། ཆུ་བོ་གངྒཱ་བཅས་ཚང་མ་གནས་འདི་ནས་བབ་པ་ཡིན། དེའི་ནང་ནས་ཆེས་ཆེ་བའི་ཆུ་བོ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་དང་ཡར་ཀླུང་གཙང་པོ། རྒྱལ་མོ་རྔུལ་ཆུ། ཉག་ཆུ། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་སོགས་ཡིན། ཆུ་བོ་དེ་དག་ནི་ཆུ་ཕྲན་བསྡོམས་པས་༡༦༠༠ལྷག་ལས་གྲུབ། དེའི་ནང་བོད་ལྗོངས་ལ་༧༠༠ལྷག་ཡོད་པ་དང་། མཚོ་སྔོན་ལ་༦༧༠ལྷག་ཡོད་ཅིང་། ཟི་ཁྲོན་དང་དར་རྩེ་མདོ་ལ་༢༠༠ལྷག་ཡོད་པ་མ་ཟད། ཡུན་ནན་ལ་༨དང་ཀན་སུའུ་ལ་༣༠ལྷག་བཅས་ཡོད།

མདོ་དབུས་མཐོ་སྒང་ནི་ཨེ་ཤ་ཡ་གླིང་གི་མཚེའུ་ཤིན་ཏུ་མང་བའི་ས་ཆ་ཞིག་ཡིན། དེའི་རྒྱུ་རྐྱེན་གཙོ་བོ་ནི་ས་འདིའི་གངས་རི་ཆེན་མོ་ཁག་གི་མཐོ་ཚད་དེ་རྨིས་༥༠༠༠ལྷག་གི་ཐོག་ལ་ཆགས་ཡོད་པ་དང་། གངས་ཐིག་རྨིས་༥༦༠༠ཡར་མར་ལ་གནས་ཤིང་ལོ་འཁོར་མོར་ཁ་བས་བཟུང་བའི་རི་བོ་ཤིན་ཏུ་མང་བ་དང་། ཁ་བ་དང་ཆར་ཆུ་རབ་ཏུ་འབེལ་ཞིང་ས་ངོས་ཁོད་སྙོམས་པས་ཆུ་འཁྱིལ་བའི་རྐྱེན་ཀྱིས་མཚེའུ་དང་ན་འདམ་མང་པོ་གྲུབ་ཡོད། སྡོམ་རྩིས་བྱས་པ་ལྟར་ན། བོད་ས་ཆ་ལ་ནང་འབབ་མཚེའུ་དང་ཕྱིར་འབབ་མཚེའུ་ཆེ་ཆུང་༢༡༨༠ཡོད་པ་དང་། མཚེའུ་ཁ་རྒྱ་ལ་སྤྱི་ལེ་གྲུ་བཞི་མ་༢༡༠༠༠ཡོད། ས་འདི་ནི་འཛམ་གླིང་ཐོག་ཆེས་མཐོ་ཞིང་རྒྱ་ཆེ་བའི་རློན་ས་ཞིག་

ཡིན། འདི་ན་ཆུ་བོ་དང་མཚེའུ། ན་འདམ། གངས་རི། འཁྱགས་རོམ་བཅས་རློན་སའི་རིགས་སྣ་ཚོགས་ཡོད་དེ། ཅུང་ཆེ་བའི་ཆུ་བོ་༡༨༠ཡོད་པ་དང་། མཚོ་མཚེའུ་ཆེ་ཆུང་༡༦༥༠༠ཡོད། དེའི་ནང་ནས་སྟོང་རི་མཚེའུ་ཁོ་ན་ལ་༢༦༠༠ལྷག་ཡོད། འཁྱགས་རོམ་ཁ་རྒྱ་ལ་སྤྱི་ལེ་གྲུ་བཞི་མ་༡༤༠༠ལྷག་ཡོད་ཅིང་། ལོ་རེར་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༡༠ལྷག་ཞུ་འགྲོ་བ་རེད། གཤེར་སའི་སྐྱེ་ཁམས་ལ་སྐམ་མ་གཤེར་གྱི་རང་བཞིན་དང་། མ་ལག་ཉམས་སླའི་རང་བཞིན། ཕན་ནུས་སྣ་མང་རང་བཞིན། གཞི་གྲུབ་རྙོག་འཛིང་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་ལ། གཤེར་སའི་སྐྱེ་ཁམས་ཀྱིས་ཆུ་ཁམས་བསྐྱེད་ཅིང་གསོ་བ་དང་། བཞུར་རྒྱུན་དལ་ལ་རིང་བ་དང་། ཆུ་ལོག་བཀག་ཅིང་ཐན་པ་འགོག་པ་དང་། སྦག་བཙོག་དྭངས་སེལ་དང་། སྐྱེ་དངོས་སྣ་མང་རྒྱུན་གསོ་སོགས་ཀྱི་ཐད་ནས་འགྲོ་བ་མིའི་རིགས་གཙོ་བྱས་སྐྱེ་འགྲོ་ཀུན་ལ་འཚོ་རྟེན་གང་མང་བཏོན་པ་མ་ཟད། གནམ་གཤིས་སྙོམས་སྒྲིག་བྱེད་པ་སོགས་སྐྱེ་ཁམས་མ་ལག་གཞན་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ཐུན་མིན་གྱི་ཕན་ནུས་ལྡན་པས། ས་གོ་ལའི་དབང་རྩ་དང་ཚེ་སྲོག་གི་ཟུངས་ཁྲག་ཅེས་པ་བསྔགས་བརྗོད་ཙམ་མིན་པར་དོན་དུ་གྲུབ་བོ། །

ཤེས་བྱའི་སྒྲོམ་བུ།

མ་ཕམ་གཡུ་མཚོ་སྟེ་མཚོ་མ་དྲོས་ནི་གངས་ཅན་གཙང་ཆབ་གྱི་མ་ཡུམ་ཡིན་ལ།

ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞིའི་འབྱུང་ཁུངས་ཏེ། ཤར་གྱི་གླང་ཆེན་ཁ་འབབ་ནི་ཆུ་བོ་གངྒཱ་དང་། ལྷོ་ཡི་རྨ་བྱའི་ཁ་འབབ་ནི་ཆུ་བོ་སིནྡྷུ། ནུབ་ཀྱི་རྟ་མཆོག་ཁ་འབབ་ནི་ཆུ་བོ་པཀྵུ་སྟེ་ཡར་ཀླུངས་གཙང་པོ། བྱང་གི་སེངྒེ་ཁ་འབབ་ནི་ཆུ་བོ་སི་ཏ་བཅས་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་གངས་རིན་པོ་ཆེའི་ཕྱོགས་བཞི་ནས་འབབ་པ་དང་། དེ་དག་ཀྱང་གླང་ཆེན་དང་རྨ་བྱ་རྟ་མཆོག་སེངྒེ་བཅས་སྲོག་ཆགས་ཀྱི་ཁའི་དབྱིབས་དང་འདྲ་བ་ནས་བབས་པས་བོད་ཀྱི་ཕ་མེས་རྣམས་ཀྱིས་ཁ་འབབ་ཀྱི་ཆུ་བོ་བཞི་ཞེས་མིང་བཏགས་སོ། །གངས་ཅན་ལྗོངས་ཀྱི་ཆུ་བོ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ལྡན་ཏེ། མཚམས་མཛོད་ལས། བསིལ་དང་ཞིམ་དང་ཡང་བ་དང་། །འཇམ་དང་དྭངས་དང་དྲི་ང་མེད། །འཐུང་ན་མགྲིན་དང་ལྟོ་བ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཞེས་ཡོན་ཏན་བརྒྱད་དང་ལྡན་པའི་ཆུ་བོ་དེ་རྟེན་མདུན་གྱི་ཡོན་ཆབ་ཏུ་ཕུལ་ནའང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པར་བསོག་ཐུབ་པ་ཇོ་བོ་་རྗེའི་གསུང་རྒྱུན་ལ་ཡོད། །

གསུམ་པ། རྩི་ཤིང་གི་ཐོན་ཁུངས།

༡༩༥༠ལོ་ནས་བཟུང་། རྩི་ཤིང་རིག་པའི་མཁས་པས་མདོ་དབུས་མཐོ་སྒང་གི་རྩི་ཤིང་ལ་ཡུན་རིང་དུ་རྟོག་ཞིབ་བྱས་འབྲས་ལ། རྩི་ཤིང་རིགས་༥༩༠༠ལྷག་ཡོད་པར་བཤད། རྩི་ཤིང་གི་རིགས་ཕུན་སུམ་ཚོགས་པས། ཀྲུང་གོའི་ལྷོ་ནུབ་རྒྱུད་ཀྱི་ཞིང་ཆེན་འགའ་ལས། དེ་མིན་ཞིང་ཆེན་མང་ཆེ་ཤོས་ཀྱིས་མདོ་དབུས་མཐོ་སྒང་ལ་འགྲན་ཐབས་བྲལ། དེའི་ནང་རི་སྐྱེས་རྩི་ཤིང་གི་རིགས་༤༠༠༠ལྷག་ཡོད་པ་དང་། ཁྱིམ་ཚང་ལ་འདེབས་འཛུགས་བྱས་པའི་རྩི་ཤིང་དང་འབྲུ་རིགས་༣༠ལྷག་ཡོད་པ་དང་། སྔོ་ཚལ་རིགས་༥༠ལྷག་ཡོད། རི་སྐྱེས་སྨན་ལྡུམ་ནི་བོད་ཀྱི་གསོ་རིག་གི་གསུང་རབ་ཏུ་བཀོད་པ་ལྟར་ན། བོད་ཀྱི་ས་ཆ་ལ་སྨན་ལྡུམ་སྟོང་ཚོ་ཁ་ཤས་ཡོད་དེ། ཤིན་ཏུ་སྙན་གྲགས་ཆེ་རིགས་ལ་དབྱར་རྩྭ་དགུན་འབུ་དང་། སྙི་བ། སྡོང་ཕུང་། མེ་ཏོག་གངས་ལྷ། 厚朴སྟབ་སེང་། མྱང་རྩི་སྤྲ སྨུག་རྩྭ། གངས་ཇ་སོགས་ཡོད། གཡེར་མ་དང་འདྲེ་ཚེར་མ། ལུག་མིག་མེ་ཏོག 柴胡ཏང་ཀེས། ར་དུག་རེ་ལྕག སྤྲུ་ནག མཚེ་ལྡུམ། སྲོ་ལོ་དཀར་པོ། ཤིང་མངར་སོགས་རང་བྱུང་སྨན་ལྡུམ་གྱི་བང་མཛོད་དུ་གྱུར་ཡོད། འབྲས་ཤིང་གི་སྐྱེ་དངོས་གཙོ་བོ་ནི་སྟར་ཀ་དང་། ཤིང་ཏོག་ལི། ཀུ་ཤུ། ཁམ་བུ། སེ་འབྲུ། ཚ་ལུ་མ། རྒུན་འབྲུམ་སོགས་ཐོན་རྫས་དེ་དག་མང་ཆེ་ཤོས་གངས་ལྗོངས་ཀྱི་ལྷོ་ངོས་དང་ཤར་ངོས་ས་ཆར་སྐྱེས་ཡོད། ཤ་མོའི་རིགས་ཀྱི་རྩི་ཤིང་གི་ཤ་མོའི་རིགས་༢༠ལྷག་ཡོད། དེའི་ནང་དུ་ཆེས་སྙན་གྲགས་ཆེ་བའི་青钢菌དང་གསོམ་ཤིང་གི་ཤ་མོ། ཤ་མོ་དཀར་པོ། ཕྱགས་མའི་ཤ་མོ། 唛头菌 一窝菌 ཤ་མོ་སྤྲེལ་མགོ་མ་བཅས་ནགས་ཁུལ་ས་ཆ་ལ་ཡོད།

བཞི་པ། གནམ་གཤིས་ཐོན་ཁུངས་ནི།

མདོ་དབུས་མཐོ་སྒང་གི་ས་བབ་ནི་ནུབ་བྱང་མཐོ་ལ་ཤར་ནུབ་དམའ་བས། བོད་ཀྱི་བྱང་ངོས་ཀྱི་མཐོ་སྒང་མཚོ་ངོས་ལས་མཐོ་ཚད་རྨིས་༤༥༠༠ནས་༥༠༠༠བར་ཡོད་པ་དང་། གངས་ལྗོངས་ཀྱི་ཤར་ལྷོའི་གཤོང་ས་མཚོ་ངོས་ལས་མཐོ་ཚད་རྨིས༡༠༠༠མན་དུ་ཡོད། ཤར་ལྷོ་ནས་ནུབ་བྱང་དུ་རིམ་གྱིས་འདི་ལྟར་འཁོད་ཡོད་དེ། ཤིན་ཏུ་དྲོ་བའི་ས་ཁུལ་ལ་དུས་རླུང་རློན་གཤེར་ཅན་དང་། དྲོ་བའི་ས་ཁུལ་ལ་རློན་གཤེར་ཅན་དང་། དྲོ་འཇམ་ས་ཁུལ་ལ་དུས་རླུང་རློན་མ་གཤེར་ཅན་དང་། གྲང་ཁུལ་ལ་དུས་རླུང་གཤེར་མ་སྐམ་ཅན་དང་། ། གྲང་ཁུལ་ལ་དུས་རླུང་སྐམ་པའི་གནམ་གཤིས་སོགས་རིགས་མི་འདྲ་བ་མང་པོ་ཡོད། དེ་འདྲའི་གནམ་གཤིས་དེས་ས་གཞི་ལ་རིམ་བཞིན་ནགས་ཚལ་དང་། སྡོང་ཕྲན། སྤང་ལྗོངས། ས་རྒོད་བཅས་རིམ་གྱིས་གྲུབ། གཞན་ཡང་ས་བབ་ཡུལ་གཤིས་ཀྱི་དབང་གིས་དེ་མཐུན་གྱི་གནམ་གཤིས་རིགས་གང་མང་སྟོན་བཞིན་ཡོད།

མདོ་དབུས་མཐོ་སྒང་གིས་ས་གོ་ལ་ཧྲིལ་བོའི་གནམ་གཤིས་ལ་ཤུགས་རྐྱེན་ཇི་ལྟར་ཡོད་ཅེ་ན། གཅིག་ནས་མདོ་དབུས་མཐོ་སྒང་ནི་ཨེ་ཤ་ཡ་གླིང་གི་དུས་རླུང་ས་ཁུལ་དང་ཨེ་ཤ་ཡའི་སྐམ་སའི་གནམ་གཤིས་སུ་ཆགས་པ་མ་ཟད། ས་ཆ་འདི་ས་གོ་ལའི་བྱང་ངོས་ཀྱི་འཕྲེད་ཐིག་གཅིག་ཐོག་ཏུ་གནས་པའི་ས་ཁུལ་གྱི་སྐྱེ་ཁམས་དང་མི་འདྲ་བའི་མཛེས་ལྗོངས་སུ་གྲུབ་ཡོད། དེ་བས་མདོ་དབུས་མཐོ་སྒང་གི་ངོས་སུ་ཆགས་པའི་རླུང་ཁམས་ཆེན་པོའི་གནས་ཚུལ་འགྱུར་ལྡོག་བྱུང་ཚེ། འཛམ་གླིང་སྤྱི་དང་ཁྱད་པར་དུ་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོའི་ས་ཁུལ་གྱི་གནམ་གཤིས་ལ་ཐད་ཀར་གྱི་ཤུགས་རྐྱེན་ཆེན་པོ་ཐེབ་ཀྱིན་ཡོད། གཉིས་ནས་མདོ་དབུས་མཐོ་སྒང་གི་ས་ངོས་དྲོ་ཞིང་འཇམ་པས། དབྱར་དུས་མདོ་དབུས་མཐོ་སྒང་གི་དྲོ་ཞིང་དམའ་བའི་ལྗིད་རླུང་འཁྲིགས་པས། དབྱར་རླུང་སྐམ་སའི་དཀྱིལ་དབུས་སུ་གཡུག་པ་དང་། ཆར་ཆུ་མང་བ་ཕན་ནུས་ལྡན། དེས་ན་མདོ་དབུས་མཐོ་སྒང་ནི་ཀྲུང་གོ་དང་ཐ་ན་སའི་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོས་སུ་འགྱུར་བའི་ཚོར་སྣང་ཆེ་བའི་ས་ཆ་དང་གླིང་ཆེན་ཨེ་ཤ་ཡའི་དུས་རླུང་དང་གནམ་གཤིས་འགྱུར་ལྡོག་ལ་ཕོག་ཐུག་དང་གཡོ་འགུལ་བྱ་རྒྱུ་རེད། འཛམ་གླིང་གཙང་ཆབ་མང་ཤོས་ཀྱི་འབྱུང་གནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ནི་གལ་འགག་ཆེ་ལ་ཕོག་ཐུག་འགྲོ་སླ་བའི་གཉན་ས་ཞིག་ཡིན།

ལྔ་པ། སྲོག་ཆགས་ཀྱི་ཐོན་ཁུངས།

མདོ་དབུས་མཐོ་སྒང་ལ་ཡ་མཚན་ཅན་གྱི་འདབ་ཆགས་དང་སྡེར་ཆགས་འདྲ་མིན་སྣ་ཚོགས་འཚོ་གནས་དང་སྐྱེ་འཕེལ་བྱེད་ཀྱིན་ཡོད་པ་དང་། ས་འདི་འཛམ་གླིང་ན་འགངས་ཆེ་ཞིང་ཤིན་ཏུ་དཀོན་པའི་སྲོག་ཆགས་རིགས་ཀྱི་ལྟེ་གནས་ཞིག་ཡིན། སྡོམ་རྩིས་ལྟར་ན་མདོ་དབུས་ཀྱི་ས་ཁུལ་ལ་འོ་ནུའི་སྲོག་ཆགས་རིགས་༡༤༢༡དང་། འདབ་ཆགས་རིགས་༤༨༨ ལྟོ་འགྲོའི་རིགས་༥༦ སྐམ་ཆུ་གཉིས་འཚོའི་རིགས་༤༥ འབུ་སྲིན་རིགས་༣༠༠༠ལྷག་དང་ཉ་རིགས་༧༠ལྷག་བཅས་ཡོད། དེའི་ནང་འཛམ་གླིང་ནས་དཀོན་ཞིང་འགངས་ཆེ་བའི་གྲས་སུ་གཏོགས་པའི་སྲོག་ཆགས་རིགས་༣༠༠ལྷག་ཡོད། ད་ལྟ་རྒྱལ་ཁབ་ཀྱིས་གཙོ་སྲུང་གི་གྲས་སུ་བཀོད་པའི་སྲོག་ཆགས་༡༢༥ཡོད་དེ། དཔེར་ན་དོམ་ཁྲ་དང་རྐྱང་། སྤྲེའུ་སྤུ་སེར། གཟིག་ཁྲ། འབྲོང་། བསེ་རུ། རྒྱ། ཤྭ་བ་མཆུ་དཀར། གཙོད། གཉན། ཤྭ་བ་རྔ་རིང་། རྟ་མིན་བོང་མིན། ཤྭ་བ་སེར་ཆེན། སྤྲེའུ། གསའ། ཆུ་སྲམ། གཡི། ཝ་དམར། ཕག་རྒོད། ནེའུ་ལེ། གླ་བ། གནའ་བ། དགོ་དམར། ཤེལ་ཏ། སྟག་སོགས་ཡོད། དཀོན་ཞིང་རྩ་ཆེ་བའི་འདབ་ཆགས་ཀྱི་རིགས། དཔེར་ན་ཁྲུང་ཁྲུང་མགྲིན་ནག་དང་། ཁྲུང་ཁྲུང་མགོ་ཁྲ། ངང་པ། བྱ་ཝང་དཀར་པོ། བྱ་ཝང་སྔོན་པོ། ཁྲུང་ཁྲུང་མཇུག་ནག གོང་མོ། གསེར་བྱ་ལྟོ་དཀར། སྐྱུང་ཀ བྱ་དེ་དཀར་ཐིག་ཅན། ནེ་ཙོ། བྱ་རྒོད། ཁྱུང་ཆེན། གླག་སོགས་རིགས་༡༠༠་ལྷག་ཡོད།

དྲུག་པ། ནགས་ཚལ་ཐོན་ཁུངས།

བསྡོམས་རྩིས་ལྟར་ན། ནགས་ཚལ་ཁོངས་གཏོགས་ཀྱི་རྒྱ་ཁྱོན་ཡོངས་ལ་མུ་ཁྲི་ཚོ་༡༨༢༣ཡོད་པས། ནགས་ཚལ་གྱི་ཁེབས་ཚད་༦%་ཟིན་ཡོད། དེའི་ནང་ནས་བོད་ལྗོངས་ལ་མུ་ཁྲི་ཚོ་༩༤༨༠ཡོད་པ་དང་། ཀན་སུའུ་ལ་མུ་ཁྲི་ཚོ་༨༨༧ཡོད། མཚོ་སྔོན་ལ་མུ་ཁྲི་ཚོ་༢༡༣༣ཡོད། རྔ་པ་ལ་མུ་ཁྲི་ཚོ༡༧༦༣ཡོད། དཀར་མཛེས་ཁུལ་ལ་མུ་ཁྲི་ཚོ་༢༠༥༩ཡོད། བདེ་ཆེན་ལ་མུ་ཁྲི་ཚོ་༡༢༣༡ཡོད། ལྗོན་ཤིང་གི་རིགས་༥༠ལྷག་ཡོད།

བདུན་པ། གཏེར་རྫས་ཐོན་ཁུངས།

མདོ་དབུས་མཐོ་སྒང་ལ་ས་འོག་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་དེ། ས་གཤིས་བརྟག་ཞིབ་པས་རྩད་ཆོད་པ་ལྟར་ན། གཏེར་རྫས་རིགས་འདྲ་མིན་༡༠༠ལྷག་ཡོད། དེ་དག་སྤྱི་བཏང་ལྟར་བགོས་ན་རིགས་ཆེན་མོ་༡༢ཡོད་དེ། ༡ ལྕགས་རིགས་ནག་པོ་ནི་ལྕགས་དང་རད། ཀེ་ལྕགས་བཅས་ཡིན། ༢ མདོག་ལྡན་ལྕགས་རིགས་ནི་ཟངས་དང་ཧ་ཡང་། ཏི་ཚ། མྭེ། ནིག ཁོབ། ཝུ། གཤའ་དཀར། མོལ། པིས། དངུལ་ཆུ། འཐི་སོགས་ཡོད། ༣ རྩ་ཆེན་གྱི་ལྕགས་རིགས་ནི་གསེར་དང་དངུལ། ཕེད་སོགས་ཡོད། ༤ དཀོན་པའི་ལྕགས་རིགས་ནི། ལིས་དང་རྭོབ། སེས། ཛིར། ནི་བ། མོལ་སོགས་ཡོད། ༥ འཕྲོ་བའམ་ཚེར་བའི་རང་བཞིན་ལྡན་པའི་གཏེར་རྫས་ནི་ཡུ་དང་མོལ། ཐོ་བཅས་ཡོད། ༦ ནུས་པའི་འབྱུང་ཁུངས་ཀྱི་གཏེར་རྫས་ནི་རྡོ་སོལ་དང་རྡོ་སྣུམ། རང་བྱུང་སོལ་རླངས། སྣུམ་ལྡན་རྡོ་གཡམ། ས་འོག་ཚ་ནུས་བཅས་ཡོད། ༧ དམིགས་བསལ་ལྕགས་རིགས་མ་ཡིན་པ། ཉི་མ་ཁ་ཆུ་དང་རྡོ་རྗེ། ཆུ་ཤེལ་བཅས་ཡོད། ༨ ཚྭ་རིགས་ཀྱི་གཏེར་རྫས་ནི་ཚྭ་དང་ཅ་ཚྭ། བ་ཚྭ། ཚ་ལ། ཟེ་ཚྭ་སོགས་ཡོད། ༩ རྡོ་རྗེ་ཕ་ལམ་དང་གཡང་ཊིའི་རིགས་ནི། སེ་འབྲུ་རྡོ། ཚོན་ལྡན་མེ་རྡོ། སྤོས་ཤེལ། མ་ན་ཧོ། གཡང་ཊི་ལྗང་གུ། གཡུ། རིན་སྤུངས་ཀྱི་གཡང་ཊི། ལིག་བུ་མིག་སོགས་ཡོད། ༡༠ ལྕགས་རིགས་བཞུ་བའི་ཞོར་གཏོགས་རྒྱུ་ཆ་ནི། 菱镁矿、耐火粘土、白云岩、石岩等 ༡༡ རྫས་འགྱུར་བཟོ་ལས་ཀྱི་རྒྱུ་ཆ་ནི། ལྗིད་ཚད་ཆེ་བའི་ཤེལ་རྡོ་དང་། 自然硫砷、明矾石、黄铁矿 ༡༢ འཛུགས་སྐྲུན་རྒྱུ་ཆ་དང་དེ་མིན་ལྕགས་རིགས་མ་ཡིན་པ་ནི། ཅུ་གང་དང་རྡོ་སྣག རྡོ་ཐལ་བྲག་རྡོ། ཨར་འདམ་བྲག་རྡོ། རྡོ་ཀ་མ་རུའི་བྲག་རྡོ། འཛེང་རྡོ། ཀེས་ཙའོ་ས་དཀར། ཀའོ་ལེན་ས་དཀར། དཀར་གོང་སོགས་ཡོད།

གཏེར་ཁ་དེ་དག་གི་བསགས་ཚད་དམ་འདུས་ཚད་ཆེ་འབྲིང་ཆུང་གསུམ་ཡོད་པ་སྨོས་མ་དགོས་པ་དང་། གཏེར་ཁ་དེ་དག་གི་བབ་ཚད་དང་རིམ་པ་མཐོ་ཞིང་། གཏེར་ཁ་འགའ་ལ་བབ་ཚད་དང་བུངས་ཚད་ནི་འཛམ་གླིང་གི་སྔོན་གྲས་སུ་ཐོན་ཡོད་དེ། དཔེར་ན་ཀེ་ལྕགས་ཀྱི་གཏེར་ཁ་དང་ཚྭ། ཟངས། ས་དྲོད་སོགས་ཐོན་ཁུངས་ཀྱི་བསྡོམས་གྲངས་དང་སྤུས་ཚད་དེ་འཛམ་གླིང་གི་ཡོངས་རྩེའི་གྲས་སུ་འགྲོ་བ་མ་ཟད་ཁྱད་པར་དུ་ཚྭ་མཚེའུ་གཏེར་ཁའི་ཐོན་ཚད་དེ་འཛམ་གླིང་གི་ཨང་དང་པོ་ཡིན། མདོ་དབུས་མཐོ་སྒང་གི་ནུས་པའི་ཐོན་ཁུངས་གཙོ་བོ་ནི་ཆུ་ནུས་དང་། རང་བྱུང་སོལ་རླངས།ས་སྣུམ། ས་དྲོད། ཉི་ནུས། རླུང་ནུས། རང་བྱུང་རླངས་ནུས་སོགས་ཡོད་པ་དང་། དེའི་ནང་ནས་འཕེལ་རྒྱས་ཀྱི་མདུན་ལྗོངས་ལེགས་ཤོས་ནི་ཆུ་ནུས་དང་ཉི་ནུས། རླུང་ནུས་ཀྱི་ཐོན་ཁུངས་བཅས་ཡིན།

Tibet Photo Grasslandབརྒྱད་པ། རིག་གནས་ཐོན་ཁུངས།

ཅི་འདྲའི་རིག་གནས་ཁོར་ཡུག་ནི་རང་བྱུང་ཁོར་ཡུག་དང་འཆམ་མཐུན་ཡིན་ཞེ་ན། དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཡུན་དུ་འཚོ་ཞིང་རྒྱུན་འཕེལ་དུ་འགྲོ་བའི་གནད་འགག་གཙོ་བོ་ཞིག་ཡིན། མིའི་རིགས་ཡོངས་ཀྱི་འཕེལ་འགྱུར་ལོ་རྒྱུས་ནི་མིའི་རིགས་རིམ་བཞིན་རང་བྱུང་ཁམས་ནས་ཕྱིར་ཐོན་ཏེ་རང་བྱུང་ཁམས་ལས་སློག་འདོན་བྱེད་པའི་ལོ་རྒྱུས་ཤིག་ཡིན། མི་རིགས་ཤིག་གི་འཕེལ་རྒྱས་ཀྱང་འཕོ་འགྱུར་གྱི་གོ་རིམ་དེ་འདྲ་ཞིག་བརྒྱུད་དགོས་ངེས་རེད། འོན་ཀྱང་མི་རིགས་སོ་སོས་དུས་ཡུན་རིང་པོ་ཞིག་ལ་རང་བྱུང་ཁོར་ཡུག་དང་འབྲེལ་འདྲིས་བྱེད་བའི་ཁྲོད། རང་བྱུང་དང་ཁོར་ཡུག་ཐོན་ཁུངས་བཅས་ཀྱི་སྤྱོད་ཚུལ་འཛིན་སྟངས་ཀྱི་རིན་ཐང་ལྟ་བ་མི་འདྲ་བ་དེ་བརྗོད་སྙིང་དུ་བྱས་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་མི་འདྲ་བ་ཞིག་རིམ་བཞིན་གྲུབ་སྲིད། སྐྱེ་དངོས་སྣ་ཚོགས་དང་ཁོར་ཡུག་སྲུང་སྐྱོང་། དེ་མིན་རྒྱུན་མཐུད་ཀྱིས་འཕེལ་རྒྱས་འགྲོ་བ་སོགས་ཐད་ཀྱི་འགལ་རྐྱེན་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བའི་དུས་འདིར། མི་རིགས་གང་འདྲ་ཞིག་ཡིན་ཀྱང་རང་ཉིད་ཀྱི་རིག་གནས་དེ་དོན་དམ་པའི་སྟེང་ནས་མིའི་རིགས་གཙོར་བྱས་པའི་སྐྱེ་འགྲོ་ཀུན་གྱི་ཡང་ནས་ཡང་དུ་འཚོ་བ་དང་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་ཐོད་ཐུག་མིན་ལ་ངེས་པར་དུ་རིག་པ་དྭངས་པོའི་སྒོ་ནས་ཞིབ་ལྟ་དང་རང་སྐྱོན་རང་བརྟག་བྱ་དགོས་པ་མ་ཟད། ཁོར་ཡུག་དང་སྐྱེ་ཁམས་དཔལ་ཡོན་ལ་ཕན་གནོད་གང་འདྲར་བརྟག་དཔྱད་དང་ཞིབ་མཇུག་བྱེད་དགོས།

མདོ་དབུས་མཐོ་སྒང་ལ་གཙོ་བོར་བོད་རིགས་གཙོར་བྱས་པའི་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་ལ། མི་རིགས་རིག་གནས་ཀྱི་སྣ་མང་རང་བཞིན་གྱིས་ཡུལ་ལྗོངས་འདི་ལ་ཐུན་མོང་མིན་པའི་སྤྱི་ཚོགས་ཀྱི་ཐོན་ཁུངས་ཤིག་གྲུབ་ཡོད། བོད་རིགས་སྲོལ་རྒྱུན་གྱི་རིག་གནས་ནི་དེའི་ནང་ནས་ཆེས་མཚོན་བྱེད་རང་བཞིན་ལྡན་པ་ཞིག་ཡིན། བོད་རིགས་ནི་སངས་རྒྱས་ཆོས་ལུགས་ཀྱི་ཚེ་སྲོག་གི་སྐྱེ་འཆིའི་འཁོར་བའི་འདུ་ཤེས་ཀྱི་རེ་བ་ནན་པོའི་འོག སེམས་ཅན་ཐམས་ཅད་བགྲང་ལས་འདས་པའི་ཚེ་སྲོག་གི་སྐྱེ་འཆི་སྲིད་པའི་འཁོར་ལོའི་ནང་ཚེ་འདི་ཁོ་ན་མ་ཡིན་པ་སེམས་ཅན་ཐམས་ཅད་མ་རུ་གྱུར་མྱོང་བར་ཡིད་ཆེས་བརྟན་པོ་ཡོད་ཅིང་། མ་ཡུམ་དེ་དག་ད་ལྟའི་རང་རང་གི་མ་ཡུམ་ཇི་བཞིན་དཀའ་དྲིན་ཤིན་ཏུ་ཆེ་བས། སྐྱེ་འཆི་འཁོར་བའི་ཁྲོད་ཀྱི་མ་རུ་གྱུར་བའི་མ་ཡུམ་ཡོངས་ཀྱི་དྲིན་དྲན་པ་མ་ཟད། དེའི་དྲིན་ལན་གསབ་པའི་འདུན་པ་ནི་བོད་མི་རིགས་བྱམས་སྙིང་རྗེ་ཅན་གྱི་བསམ་བློའི་རྨང་གཞི་ཡིན།

མི་རབས་ནས་མི་རབས་སུ་ས་གོ་ལའི་འགུལ་བསྐྱོད་ཀྱིས་སློང་དུ་ཕུད་པའི་གངས་རིའི་ཁམས་འདིར་རིགས་རྒྱུད་འཕེལ་ཞིང་འཚོ་གནས་སུ་བྱས་པའི་གངས་ཅན་ལྗོངས་ཀྱི་བོད་རིགས་མི་དམངས་ཀྱིས། ཐེ་ཚོམ་སྤུ་ཙམ་མེད་པར་གངས་རིའི་ལྗོངས་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ་ངོས་འཛིན་ཞིང་། བོད་མི་རིགས་ནི་བྱམས་སྙིང་རྗེའི་བདག་པོ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལས་རིམ་གྱིས་འཕེལ་བ་ཡིན་པས། ལུས་ཀྱི་ཁྲག་རྩ་ནང་དུ་བྱམས་སྙིང་རྗེའི་བཞུར་རྒྱུན་བར་མ་ཆད་པ་དང་། སེམས་དང་སེམས་ཀྱི་བར་ལ་བྱམས་སྙིང་རྗེའི་རྒྱུད་ཐག་མ་ཆད་པ། སེམས་རྒྱུད་བྱམས་སྙིང་རྗེས་ཁྱབ་ཅིང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཏེ་བདེ་བར་འགོད་པའི་བསམ་བློ་འགྱུར་མེད་བརྟན་པོ་ཞིག་ཡོད། ཚེ་སྲོག་མཐའ་དག་འདྲ་མཉམ་ཡིན་པས། ཚེ་སྲོག་ཡོད་ཚད་ལ་བདེ་བ་ཐོབ་འདོད་དང་སྡུག་བསྔལ་འབྲལ་འདོད་ཀྱི་འདོད་མོས་གཅིག་མཐུན་ཡིན། མིའི་རིགས་ཀྱི་བདེ་སྐྱིད་དེ་གཞན་གྱི་ཚེ་སྲོག་ལ་སྡུག་བསྔལ་འབྱུང་བའི་ཐོག་ཏུ་སྐྲུན་མི་རུང་། རང་གིས་བྱེད་འདོད་མེད་པ་དེ་གཞན་ལ་བྱེད་དུ་འཇུག་མི་རུང་ཞེས་པའི་མིའི་ཀུན་སྤྱོད་ཀྱི་སྲོལ་བཟང་དེ་སྣོད་བཅུད་ཀྱི་འཇིག་རྟེན་ཡོངས་ལ་བསྲིངས་ཤིང་ཚེ་སྲོག་ལ་སྦོམ་ཕྲ་ཇི་འདྲ་ཡོད་ཀྱང་ཚང་མ་འདྲ་མཉམ་ཡིན། དེས་ན་འཇིག་རྟེན་འདིར་འཚོ་ཐབས་མི་འདྲ་བའི་ཚེ་སྲོག་མཐའ་དག་ལ་བརྩི་བཀུར་དང་གཅེས་སྤྲས་བྱེད་དགོས་ངེས་རེད།

སེམས་ཅན་ཐམས་ཅད་ལ་ཕན་ཁེ་གཏད་པའི་རིན་ཐང་གི་ལྟ་བ་དེ་མི་སེམས་གཏིང་ལ་འཇགས་ཡོད། བོད་རིགས་སྲོལ་རྒྱུན་གྱི་རིག་གནས་ཁྲོད། ཡུལ་ལ་ཡུལ་ལྷ་རི་ལ་གཞི་བདག་དང་ས་ལ་ས་བདག ཆུ་བོ་དང་མཚེའུ། བྲག་རི་དང་སྤང་ལྗོངས་སོ་སོར་བདག་པོ་ཡོད་པར་བློ་འཁེལ་བས། རང་བྱུང་ཁོར་ཡུག་ལ་རིག་གནས་ཀྱི་དུང་བ་ཚད་མེད་བཅངས་ཡོད་པ་མ་ཟད། ཐོན་སྐྱེད་དང་འཚོ་བའི་ཁྲོད་མི་གཤིས་ལྡན་པས་ཕན་ཚུན་འབྲེལ་འདྲིས་བྱས་ཏེ། མི་དང་རང་བྱུང་བར་ལ་ཕན་ཚུན་འཆམ་མཐུན་གྱི་འབྲེལ་བ་ཆགས། བོད་ཁུལ་ནས་མཐོ་ཞིང་བརྗིད་པའི་རི་བོ་རེ་རེ་དང་གཙང་ཞིང་དྭངས་པའི་ཆུ་མིག་རེ་རེ་ལ་རང་བྱུང་གི་ནང་དོན་མ་ཚད། ད་དུང་ལོ་རྒྱུས་དང་རིག་གནས་ཀྱི་སྙིང་བཅུད་ཕུན་སུམ་ཚོགས་པ་ཞིག་ལྡན། བྱམས་སྙིང་རྗེའི་སེམས་དང་འདྲ་མཉམ་གྱི་སེམས། གཞན་ཕན་གྱི་སེམས་བཅས་སྙིང་པོར་འཛིན་པའི་རིག་གནས་ཐོན་ཁུངས་དེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཉམ་ཆུང་ས་ཆའི་སྐྱེ་དངོས་སྣ་མང་ཅན་དང་རང་བྱུང་ཐོན་ཁུངས་ཀྱི་སྲུང་འཁོར་ལྟ་བུ་ཞིག་ཏུ་གྱུར་ཡོད།

མདོ་དབུས་མཐོ་སྒང་གི་རང་བྱུང་ཁོར་ཡུག་དང་ཆ་མཐུན་པའི་རིག་གནས་ཁོར་ཡུག་ཅིག་མེད་ན། ས་འདིའི་སྐྱེ་དངོས་སྣ་མང་ཅན་ཉམས་གུད་མེད་པར་གནས་ཐུབ་པ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། དེ་འདྲ་ཉམས་མེད་གནས་པའི་རྒྱུ་མཚན་ནི་གཞན་ལ་མེད་པའི་རང་བྱུང་གི་ས་གཤིས་ཡུལ་བབ་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པ་མ་ཟད། གཙོ་ཆེ་བ་ཞིག་ནི་མི་རྣམས་ཀྱི་སེམས་རྒྱུད་བྱམས་སྙིང་རྗེས་ཕྱུག་ཅིང་། སེམས་ཅན་ཀུན་ལ་ཕན་ཁེ་གཉེར་བའི་རིག་གནས་ཐོན་ཁུངས་ཀྱིས་མཐར་ཐུག་པའི་ཕན་ནུས་མངོན་གསལ་ཞིག་བཏོན་པ་སྨོས་མ་དགོས་སོ། །དེ་བས་མདོ་དབུས་མཐོ་སྒང་གི་རང་བྱུང་ཁོར་ཡུག་དང་རིག་གནས་ཁོར་ཡུག་བར་ཕན་ཚུན་གཅིག་གྲོགས་གཅིག་ཏུ་གྱུར། །མདོ་དབུས་མཐོ་སྒང་གི་རང་བྱུང་ཐོན་ཁུངས་དང་རིག་གནས་ཐོན་ཁུངས་ལ་སྲུང་སྐྱོང་དང་བེད་སྤྱོད་བཟང་པོ་བྱས་ན་ཀྲུང་གོ་དང་གླིང་ཆེན་ཨེ་ཤ་ཡ། ས་གོ་ལ་ཧྲིལ་པོ་ལ་ཡང་གང་གིས་ཀྱང་ཚབ་བྱེད་མི་ནུས་པའི་སྐྱེ་ཁམས་ཀྱི་སྙིང་དོན་གལ་ཆེན་ལྡན།

མཇུག་མཐའི་ཡུལ་ལྗོངས་གཙང་མའི་རེ་འབོད་སྐྱེ་བ་ལྔ་པའི་གཤོག་སྒྲ་ལས་དྲངས། 

ཐེངས་ 42443 བཀླགས་འདུག