Donate

ཟླ་བ་ཚེ་རིང་དང་བསྟན་འཛིན་རྣམ་རྒྱལ་གཉིས་ཀྱིས་རྩོམ་ཡིག

ཟླ་བ་ཚེ་རིང་དང་བསྟན་འཛིན་རྣམ་རྒྱལ་གཉིས་ཀྱིས་བརྩམས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས། ཡུལ་སྲོལ་དང་གོམས་གཤིས་ཁ་ཤས་ཀྱི་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ལ་གཏོར་བཤིག་དང་གནོད་འཚེ་བཟོ་ཡི་ཡོད་པ་དཔེར་ན།

རི་དྭགས་ཀྱི་པགས་པས་གྱོན་ཆས་བཟོ་བའམ་ཡང་གོས་གོང་དང་གོས་འདབ་ལ་པགས་རིགས་ཀྱི་རྒྱན་ཀླུབས་པའི་གོམས་གཤིས་འདིས་གཅན་གཟན་གཙོ་བོར་འགྱུར་པའི་རི་དྭགས་མང་པོའི་པགས་རིགས་ལ་ཁྲོམ་རྭའི་དགོས་མཁོ་བསྐྲུན་པ་མ་ཟད། ཁྲོམ་རྭ་དེའི་དགོས་མཁོ་དང་རིན་ཐང་ཉིན་རེ་བཞིན་ཇེ་མཐོར་འགྲོ་ཡི་ཡོད། དེ་ཡང་གངས་ལྗོངས་ཀྱི་ཡུལ་གྲུ་མང་ཆེ་བ་ས་བབ་མཐོ་ལ་གྲང་ངར་ཆེ་བས་ལོ་རྒྱུས་ཐོག་གྲང་སྐྱོབ་ཀྱི་ཆེད་དུ་སྲོག་ཆགས་ཀྱི་པགས་རིགས་ལས་དྲོ་ཆོས་ཀྱི་ཆེད་གོས་རིགས་བཟོ་བའི་སྲོལ་དེ་མངའ་རིས་དང༌། ནག་ཆུ། ཆབ་མདོ། གཞིས་རྩེ་སོགས་ས་ཁུལ་དུ་དར་ཆེ་ཙམ་བྱུང་ཡོད། ཚང་མས་མཁྱེན་གསལ་ལྟར་གདོད་མའི་དུས་སུ་མི་རྣམས་ཀྱིས་རི་དྭགས་རྔོན་ནས་ཤ་པགས་བེད་སྤྱོད་བྱེད་པ་དེ་ནི་དགོས་ངེས་ཀྱི་ཉིན་རེའི་འཛད་སྤྱོད་ལས་བག་མེད་དང་རྒྱས་སྤྲོས་ཀྱི་འཚོ་བ་མིན་ལ་སྐབས་དེའི་མི་འབོར་ཉུང་བས་རི་སྐྱེས་སྲོག་ཆགས་ལ་དེ་ཙམ་གྱིས་མནར་གཅོད་དང་གཏོར་བཤིག་བྱུང་མེད། འོན་ཀྱང་སྤྱི་ཚོགས་དང་དཔལ་འབྱོར་རིམ་བཞིན་འཕེལ་རྒྱས་བྱུང་བ་དང་དུས་མཚུངས་འབྱོར་བ་དང་དབང་ཤུགས་ཀྱི་དབྱེ་བ་རྒྱ་ཆེར་སོང་བས་སྤྱི་ཚོགས་ནང་གྲལ་རིམ་གྱི་དབྱེ་བ་བྱུང་བ་ནས་བཟུང་རྩ་ཆེའི་རི་དགས་དང་ལྷག་པར་དུ་གཅན་གཟན་སྟག་གཟིག་གི་པགས་རིགས་རྣམས་དབང་སྒྱུར་པ་དང་མི་གྲགས་རྣམས་ཀྱིས་དབང་ཐང་དང་སྙན་གྲགས་མཚོན་ཆེད་དུ་གོས་དང༌། གོས་རྒྱན་གདན་དུ་སྤྱོད་སྲོལ་དར་བ་དང༌། གཞན་ཡང་བཙན་པོ་སྲོང་བཙན་གྱི་དུས་སུ་ཁྲིམས་དང་ལུགས་སྲོལ་མང་པོ་གཏན་འབེབས་མཛད་པའི་ནང་གསེས་རྐྱེན་དྲུག་ཅེས་ཐོབ་ཐང་དྲུག་ཡིན་ཏེ། ༡ དཔའ་བོའི་རྐྱེན་དུ་གུང་དང་སྟག་གི་སློག་པ་དང༌། ༢ སྡར་མའི་རྐྱེན་དུ་ཝའི་ཞྭ། ༣ ཡ་རབས་རྐྱེན་དུ་ལྷ་ཆོས། ༤ མཛངས་པའི་རྐྱེན་དུ་ཡིག་ཚང༌། ༥ གཡུང་པོའི་རྐྱེན་དུ་ཐགས་དང་བོན། ༦ ནང་པའི་རྐྱེན་དུ་རྐུན་མ་བཅས་དང་ཡང་དཔའ་ཚན་དྲུག་ཅེས་པ་དཔའ་བོ་རྣམས་ཀྱི་མཚོན་རྟགས་སུ་སྟག་སྟོད་དང་སྟག་སྨད་གཉིས། ཟར་ཆེན་ཟར་ཆུང་གཉིས། གོང་རས་དང་སྟག་སློག་གཉིས་ལ་གཏན་འཁེལ་མཛད་དེ་ཁྲོ་ཞིང་གཏུམ་པ་དང་རྩ་ཆེ་བའི་སྲོག་ཆགས་སྟག་གི་པགས་པས་དཔའ་བོའི་མིང་གྲགས་དང་གཤིས་སྤྱོད་མཚོན་པར་བྱེད་པའི་སྲོལ་དེ་དར་བ་ཡིན།

བཅོས་སྒྱུར་མ་བཏང་གོང་དུ་ཡང་བོད་ཀྱི་མི་དྲག་དང་འབྱོར་པ་ཅན་རྣམས་ཀྱིས་སྟག་ལྤགས་དང་གཟིག་ལྤགས་དེ་བཞིན་སྲམ་ལྤགས་ཀྱི་གོས་དང་གོས་རྒྱན་བཟོས་ནས་རང་རང་གི་དབང་ཐང་དང་མིང་གྲགས་མཚོན་པར་བྱེད་ཀྱི་ཡོད། འོན་ཀྱང་སྐབས་དེའི་མང་ཚོགས་མང་ཆེ་དཔལ་འབྱོར་གྱི་འཁོས་ཀ་ཞན་པས་དེ་ལྟར་གྱི་ལོངས་སྤྱོད་ལ་རོལ་བའི་ནུས་པ་མེད་ལ་སྐུ་དྲག་དང་འབྱོར་པ་ཅན་གྱི་མི་འབོར་ཡང་ཧ་ཅང་ཉུང་བས་མི་རིགས་གྱོན་ཆས་ཀྱི་ཡུལ་སྲོལ་དེས་རི་སྐྱེས་སྲོག་ཆགས་ལ་བཟོད་དུ་མི་རུང་བའི་གནོད་འཚེ་དེ་ཙམ་བྱུང་མེད། ཉེ་བའི་ལོ་བཅུའི་ནང་དཔལ་འབྱོར་དང་འཚོ་བའི་ཆུ་ཚད་གོང་མཐོར་ཕྱིན་པ་དང་དུས་མཚུངས་མི་རིགས་ཀྱི་གྱོན་ཆས་ལ་ཡང་དང་འདོད་དང་དར་སོ་ཆེན་པོ་བྱུང་བ་མ་ཟད་གྱོན་ཆས་དེ་དག་གི་ཁྱད་ཆོས་གཙོ་བོ་ནི་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྟག་དང༌། གཟིག སྲམ་སོགས་ཀྱི་པགས་པས་མུ་མཐར་ཤན་སྦྱར་བ་ཤ་སྟག་ཡིན། ལོ་གསར་དང་གལ་ཆེའི་དུས་སྟོན་སྐབས་ལྷ་ས་དང༌། ཆབ་མདོ། ནག་ཆུ་གཞིས་རྩེ། སེང་གེ་ཁ་འབབ། རྩེ་ཐང་སོགས་གྲོང་ཁྱེར་ནང་ཕོ་མོ་རྒན་གཞོན་མང་ཆེ་བའི་ལུས་སྟེང་དུ་སྟག་ལྤགས་དང༌། གཟིག་ལྤགས། སྲམ་ལྤགས་བཅས་ཀྱིས་བརྒྱན་པ་དང༌། རྒྱུ་དང་དཔལ་འབྱོར་ཆེ་བ་རྣམས་ཀྱིས་པགས་རིགས་འབོར་ཆེན་བཏང་ནས་ཕྱུ་པའི་ཕྱི་ཤ་ཧ་ལམ་པགས་པས་བཏུམ་པ་ལྟར་བཟོ་གི་ཡོད་པ་དེ་དག་ནི་ལུགས་མཐུན་གྱི་རྒྱན་ཙམ་མ་ཡིན་པར་ཧ་ཅང་ཐལ་བའི་རྒྱས་སྤྲོས་དང་བག་མེད་ལོངས་སྤྱོད་འབའ་ཞིག་ཡིན། འོན་ཀྱང་ཁོར་ཡུག་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་རྒྱུའི་ཤེས་བྱ་དང་གོ་རྟོགས་དམན་པས་མི་མང་པོས་རི་སྐྱེས་སྲོག་ཆགས་ཀྱི་པགས་རིགས་ལུས་ལ་གྱོན་པ་དེ་དམྱལ་བར་འགྲོ་བའི་སྡིག་པའི་རྒྱུ་ཞིག་ཡིན་པ་དང༌། ངོ་གནོང་གོས་པའི་བྱ་བ་ཞིག་ཡིན་པ་སྟེ་ཆོས་དང་འཇིག་རྟེན་གཉིས་ཀའི་ཆ་ནས་སྐྱོན་འབའ་ཞིག་མ་གཏོགས་དགེ་བ་སྤུ་ཙམ་ཡང་མེད་པ་དེ་མ་རྟོགས་པར་བག་མེད་ཀྱི་རྒྱས་སྤྲོས་དེ་དག་མིག་ལྟོས་སུ་འཛིན་ནས་གསོག་འཇོག་གང་ཐུབ་བྱས་ཏེ་པགས་རིགས་དེ་དག་ཉོ་གང་ཐུབ་བྱེད་པའི་ཚུལ་མིན་གྱི་དར་སྲོལ་དེས་བོད་ཀྱི་ས་གནས་གང་སར་པགས་རིགས་དེ་དག་ལ་ཁྲོམ་རྭ་རྒྱ་ཆེན་པོ་ཡོད། དེ་ལྟར་གྱི་ཁྲོམ་རྭའི་དགོས་མཁོ་དང་ཁེ་སྤོགས་ཀྱི་འདོད་ཞེན་འོག་ལྐོག་རྔོན་པ་མང་པོས་རང་ལྗོངས་ཀྱི་ཁུལ་དུ་ཡོད་པའི་སྟག་གཟིག་རྣམས་རྔོན་ནས་རིག་རྒྱུ་མེད་པ་དང་རྒྱ་གར་དང་པ་ཀི་སི་ཐན་གྱི་སྟག་དང་སྲམ་སོགས་རི་དྭགས་ཀྱི་ཁྱུ་ལ་ཉམས་རྒུད་ཆེན་པོ་བྱུང་ཡོད། དེར་བརྟེན་ང་ཚོས་གཏམ་འདོད་ཀྱི་བསམ་པ་དང་བྱ་སྤྱོད་དེ་རིགས་སྤངས་ནས་རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་ལས་དོན་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་རྒྱུ་དེ་ནི་ང་ཚོས་སྤྱི་འབངས་ཚང་མའི་འགན་འཁྲི་ཡིན་པ་བློར་འཛིན་དགོས་¿ཞེས་སོགས་གསལ་འདུག

 

ཐེངས་ 42193 བཀླགས་འདུག