Donate

འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་མཚོ་སྔོན་ཟི་ལང་དུ་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་འཛུགས་སྐྲུན་ལས་གཞིའི་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང༌། དེར་མཚོ་སྔོན་ཞིང་ཆེན་གྱི་མགོ་གཙོ་གཞོན་པས་གཙོ་སྐྱོང་བྱས་ཏེ། ༢༠༡༥ ལོར་ལས་གཞི་ཡོངས་སུ་མཇུག་བསྒྲིལ་ཐུབ་པ་བྱེད་དགོས་ཚུལ་གྱི་གཏམ་བཤད་བྱས་འདུག 

འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གཞི་དེ་ ༢༠༡༠ ལོ་ནས་མགོ་འཛུགས་བྱས་ཡོད་ཅིང༌། ལོ་དེའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་འཕེལ་རྒྱས་བཅོས་སྒྱུར་ཁང་དང་ཆུ་བེད་སྡེ་ཁག་གཉིས་ཀྱིས་ལས་གཞི་དེར་རྒྱ་སྒོར་དུང་ཕྱུར་ ༣ བཏང་སྟེ་ཆུ་རགས་ལས་གཞི་མགྱོགས་མྱུར་ངང་འགྲུབ་པ་བྱེད་དགོས་པའི་བཀའ་བཏང་ཡོད་འདུག

ད་ལོའི་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཁག་ཅིག་ལས་གཞི་དེར་ལྟ་སྐོར་དུ་སྐྱོད་སྐབས། “འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་དེས་མཚོ་སྔོན་ཞིང་ཆེན་གྱི་ཤར་ཕྱོགས་བཟོ་ལས་ཅན་དང་གྲོང་བརྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ་དམངས་གྱི་ཁེ་ཕན་དང་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་ཐོགས་ཆེན་པོ་ཡོད” ཅེས་བརྗོད་འདུག ཆུ་བོ་དེ་ས་གནས་གང་ཞིག་ཏུ་ཙོང་ཆུའི་ནང་འདྲེན་བཞིན་ཡོད་པ་གསལ་ཁ་མེད་ཀྱང༌། ས་རྒྱུས་ལྟར་ན། འཇུ་ལག་ཆུ་བོ་དེ་བོད་པའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་ལས་འབབ་བཞིན་ཡོད་ཅིང༌། དཔའ་རིས་ས་ཁུལ་བརྒྱུད་རྨ་ཆུའི་ནང་འདྲེས་ཏེ་ཤར་ཕྱོགས་རྒྱ་མཚོར་འབབ་བཞིན་ཡོད་པ་ཞིག་ཡིན་འདུག

འཇུ་ལག་ཆུ་བོའི་སྐོར་བྲིས་པའི་རྩོམ་ཡིག་ཅིག་ཏུ། “ནོར་བུ་དཀར་པོ་སྟེ་ཆུ་ཤེལ་མཆོད་རྟེན་བཞེངས་འདྲའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་ལ་ཁུངས་གཏུག་པའི་འཇུ་ལག་གཙང་ཆབ་དེ་དང་པོ་རྟ་རྔ་ཙམ། དེ་ནས་སྐ་རགས་ཙམ།  རིམ་བཞིན་ཆུ་ཕྲན་བརྒྱ་ཕྲག་གི་རྒྱུན། ས་སྣ་སྟོང་ཕྲག་གི་བཅུད་བཅས་ཧོར་ཆུ་ཁ་འབའ་རབ་དྲུག་ནས་རོལ་སྒེག་མཛེས་སྡུག་གི་ཉམས་དང་གར་མཁན་སྨིན་ལེགས་མའི་འགྲོས་ཀྱིས་རྩྭ་ར་པདྨོ་སྟོང་ལྡན་ཏེ་མུ་རིའི་ལྗོངས་ནས་ལྷུང་ལྷུང་འབབ་པའི་སྒྲ་དང༌།   ཆལ་ཆིལ་འཕྱོ་བའི་རླབས་དང་བཅས་དཔའ་རིས་ཞེས་པའི་ཡུལ་གྲུ་ཀུན་གསལ་བུ་མོའི་མཛེས་རྒྱན་གྱི་སྐ་རགས་དགུ་ཚིགས་ནོར་འཛིན་ས་ལ་འཕོས་པས་བྱང་ནས་ལྷོ་ཕྱོགས་སུ་རི་ལུང་ཇི་སྙེད་དལ་བུར་བཤགས་ཏེ། མཐར་ཧོ་ཁོའུ་ཞེས་པའི་སའི་ཆར་ཙོང་ཆུ་ཁ་འབའི་ཆབ་དང་འགྲོགས་ནས་མི་འགྱངས་བར་རྨ་ཀློང་གང་གཱའི་སྲིང་མོའི་ཆབ་ལ་འདྲེས་སོ།།  

འདིའི་བཞུར་རྒྱུད་ཀྱི་ས་ཁུལ་མང་ཤོས་དཔའ་རིས་ཁོངས་སུ་གཏོགས་ཤིང༌། རིང་ཚད་ནི་ཕལ་ཆེར་སྤྱི་ལེ་ལྔ་བརྒྱ་ཙམ།  དེ་ནི་རྨ་ཀླུང་གི་ཆུ་ལག་གཙང་པོའི་གྲས་ཡིན་ཞིང༌།   ལོ་ངོ་སྟོང་ཕྲག་གི་རིང་ལ་གཙང་ཆབ་ཀྱི་དྲིན་ལས་ཕངས་མེད་སྟེར་བའི་བདུད་རྩིས་འདིར་གནས་བོད་མི་རྣམས་ལ་མི་རབས་སྟོང་ཕྲག་ཏུ་གསོ་སྐྱོང་མཛད་དང་མཛད་བཞིན་པ་དང༌།  ལས་ལ་བརྩོན་ཞིང་རྟུལ་ཕོད་བློ་གྲོས་ལྡན་པའི་དཔའ་རིས་པ་ཚོས་མཚར་སྡུག་ཡོངས་སུ་རྫོགས་པའི་གཙང་ཆབ་འདི་ལ་སྙིང་ཐག་པ་ནས་ཤིན་ཏུ་དགའ་སྟེ་ནུ་ཞོ་ལོངས་སུ་སྤྱོད་པའི་སྐྱེད་ཡུམ་གྱི་ཚད་དུ་འཇོག་གོ།”ཞེས་བཀོད་འདུག

འཇུ་ལག་ཆུ་བོའི་མིང་ཐོག་ཚུལ་སྐོར་ལ་ངག་རྒྱུན་ལྟར་ན། “ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་དཔུང་ཁག་དེ་ལ་དཔའ་མཛངས་བཀོད་འདོམ་མཛད་ནས་དངོས་སུ་ཐང་རྒྱལ་རབས་ཀྱི་རྒྱལ་ས་སྟེ་ཁྲང་ཨན་རྒྱལ་མཁར་ལ་བསྐྱོད་ནས་ཟླ་བ་གཅིག་ཙམ་བཞུགས་མྱོང༌། དུས་དེ་ནས་བཟུང༌། འཇུ་ལག་བཞུར་རྒྱུན་གནས་པའི་བོད་མི་རྣམས་ལ་དཔའ་རིས་པ་ཞེས་པའི་མཚན་སྙན་དེ་བོད་ཁམས་ཡོངས་སུ་གྲགས་ཤིང༌། དང་ཐོག་མུ་རི་གཙང་ཆབ་དེ་ལ་དཔའ་རིས་པ་ཚོས་ཆུ་སྔོན་ཟེར།

ཡིན་ནའང༌། ལུས་ཟླུམ་པོ་ཁ་སྟོང་མིག་སྟོང་ཡོད་པ་འཇིགས་སུ་རུང་བའི་ཀླུ་སྲིན་མ་རུངས་ཤིག་ཆུ་དེར་གནས་བཅས་ཏེ། ཆུ་འགྲམ་གྱི་མི་ཕྱུགས་མང་པོ་ཟོས་པས་མི་རྣམས་ཀྱིས་ཆུ་ནང་གི་སྲོག་ཆགས་དེས་འཇུས་ནས་བརླག་སོང་ཞེས་ཆོ་ངེ་བྱས་པས་ཆུའི་མིང་ལ་འཇུ་བརླག་ཐོགས་པར་ད་ལྟ་ཟུར་ཉམས་ཏེ་འཇུ་ལག་ཅེས་གསོལ། ཀླུ་དེ་ཐབས་གང་གིས་མ་ཐུལ་པས་དེའི་འགྲམ་དུ་འཁོད་པའི་བོད་སྡེ་རྣམས་ཀྱིས་མ་ཧཱ་དེ་ཝ་ན་མཚམས་ལ་བཞུགས་པའི་མངོན་མཁྱེན་གྲུབ་ཐོབ་སྟེ་པྲ་སྟི་སྒོམ་སྨྱོན་ཆོས་ཀྱི་རྡོ་རྗེ་འཇུ་ལག་ཆུ་ཁར་སྤྱན་དྲངས་ཏེ་ཁོང་གིས་རྟེན་འབྲེལ་ཞིག་མཛད་པས་ཀླུ་སྲིན་མ་རུངས་པ་ཆུ་ཁར་ཐོན་ཏེ་བཏུལ་དོ།།” ཞེས་སོགས་གསལ་འདུག 

ཐེངས་ 42194 བཀླགས་འདུག