Donate

འདབ་ཆགས་སྐོར་སྤྱི་བཤད།

 འདབ་ཆགས་ལ་མཚོན་ན་རིགས་མི་འདྲ་མང་པོ་དབྱེ་བ་འབྱེད་ཚུལ་ཡོད་པས། འདམ་ཟན་དང་ཤ་གཟན། རྩྭ་གཟན། སྐད་སྙན། སྤུ་སྡུག རྒུམ་འཐུ། བྱ་དང་བྱིའུ་སོགས་ཡོད་ལ། འདབ་ཆགས་རིགས་གཤོག་པ་ལྡན་ཡོད་ནའང་འཕུར་རྩལ་གྱི་ནུས་པ་ལྡན་ཡོད་མེད་ཁྱད་པར་མང་པོ་ཡོད།

དཔེར་ན་རྨ་བྱ་ལྟ་བུ་གཤོག་སྒྲོ་ཆེན་པོ་དང་རིང་པོ་ཡོད་པས་འཕུར་རྩལ་ནུས་པ་ཆེས་ཞན་པོ་ཡོད། དེ་བཞིན་འདབ་ཆགས་རིགས་འགའ་ཤས་ཆུ་ནང་དུ་གནས་ཤིང་ཆུ་གནས་སྲོག་ཆགས་རིགས་འཚོ་རྟེན་བྱེད་བཞིན་ཡོད། ངང་པ་ལྟ་བུ་འདམ་གཟན་རིགས་སུ་གཏོགས་ཤིང་འདམ་བག་ནང་གི་རྩྭ་དང་ཉ་སྦལ་ལ་འཚོ་རྟེན་བྱས། འདབ་ཆགས་བྱའི་རིགས་ཕལ་ཆེ་བ་དམར་ཟས་ལ་ཆེས་དགའ་པོ་ཡོད་ལ་ཤ་ཡིན་པ་ཙམ་གྱིས་ཟས་སུ་ལོངས་སྤྱོད་བྱེད་ཀྱི་ཡོད། རྒུམ་འཐུ་རིགས་ནི་བྱ་དང་བྱིའུ་གཉིས་ཀའི་ནང་ཡོད་པ་རེད། སྐད་སྙན་ནི་བྱ་བྱེའུ་སྐད་སྙན་པོ་ཡོད་མཁན་ཁུ་བྱུག་ལྟ་བུ་དང༌། སྤུ་སྡུག་ནི་སྤུ་སྒྲོ་མཛེས་པོ་ཡོད་མཁན་རྨ་བྱ་དང་རྒྱ་བྱ་ལྟ་བུར་གོ་བ་ཡིན། མདོ་དྲི་མེད་གཟི་བརྗིད་དེབ་ཕྲེང་གཉིས་པ་ལས། ¿འདབ་ཆགས་ཞེས་བྱ་བ་འདི། དང་པོར་གྲོལ་པའི་ཕུག་བཟང་སྟེ། འོད་གསལ་ལྷའི་གདུང་རབས་ལས་གྲོལ། བར་དུ་སྲིད་པའི་བརྒྱུད་འཕེལ་ཏེ། སྐྱེ་བ་རྣམ་བཞི་སྒོང་སྐྱེས་ལས་སྲིད། དེ་ཡང་རྗེ་ཡང་མྱེས་འོད་ཆེན་དང༌། ཕྱི་མོ་ལྷ་མོ་གཙང་མཛེས་གཉིས་ཀྱི་ཐབས་དང་ཡིད་ཀྱིས་བཤོས་པ་ལས། སྲས་ནི་བྱ་དང་སྤྲེལ་གཉིས་བྱུང༌། འཁའ་ལྡིང་རྒྱལ་པོ་བྱེའུ་དང༌། ཡིད་ཀྱིས་བྱ་མ་བཤོས་པ་ལས། ཡ་མཚན་ཅན་གྱི་སྒོང་བཞི་བྱུང༌། ཡ་མཚན་སྒོང་བཞི་བརྡོལ་བ་ལས། གཅིག་ཏེ་ཤ་ཁྲག་དམར་ལ་དད། ཤ་ཟན་ཐམས་ཅད་དེ་ལས་གྲོལ། གཅིག་ཏེ་ས་ཞག་འདམ་ལ་དད། འདམ་ཟན་ཐམས་ཅད་དེ་ལས་གྲོལ། གཅིག་དེ་ཁ་དོག་སྤུ་མཚན་ལེགས། སྤུ་སྡུག་ཐམས་ཅད་དེ་ལས་གྲོལ། གཅིག་དེ་ཅལ་ཅོལ་སྨྲ་བ་མང༌། སྨྲ་མཁན་ཐམས་ཅད་དེ་ལས་གྲོལ། དེ་ལས་བྱའི་རྒྱལ་བཞི་བྱུང༌། སྟེང་ལྷ་ཡུལ་སྲིད་རྩེ་གནོན་མི་དེ། ཤ་ཟན་ཁྱུང་གི་རྒྱལ་པོ་ཡིན། འོག་ཀླུའི་གསེར་ཕྱེ་ལེན་མི་དེ། ངང་པ་ཀླུའི་རྒྱལ་མོ་ཡིན། བར་མི་ཡུལ་གླིང་བཞི་བསྐོར་མི་དེ། སྤུ་སྡུག་ཤང་ཤང་རྒྱལ་པོ་ཡིན། དེ་ཀུན་ལ་ཚང་ཚང་བརྗོད་མི་དེ། གསུང་སྙན་བྱ་རྒྱལ་ཁུ་བྱུག་ཡིན། དེ་ལས་བྱ་ཡི་བློན་བརྒྱད་གྲོལ། མཁའ་ལྡིང་ནག་པོ་གདུང་ཅན་དང༌། ཤ་ཟན་ཀང་ཀ་རྒོད་པོ་གཉིས། ཤ་ཟན་ཁྱུང་གིས་ཁ་ལོ་བསྒྱུར། འདམ་ཟན་ངུར་པ་སེར་པོ་དང༌། སྐད་གཅོང་འཐིང་རིལ་གྲོ་མོ་གཉིས། ཀླུ་བྱ་ངང་མོས་ཁ་ལོ་བསྒྱུར། མཛེས་སྡུག་རྨ་བྱ་མདོངས་ལེགས་དང༌། སྤུ་སྡུག་རྒྱ་བྱ་ཁྲ་མོ་གཉིས། མཁའ་ལྡིང་དེའུ་ཡིས་ཁ་ལོ་བསྒྱུར། སྐད་སྙན་ནེ་ཙོ་སྔོན་མོ་དང༌། བློན་ཆེན་ཐེ་པ་རྒྱའོ་གཉིས། གསུང་སྙན་ཁུ་བྱུག་ཁ་ལོ་བསྒྱུར། དེ་ལས་སྲུང་བའི་བྱ་བཞི་ཡོད། མཁའ་ལྡིང་ནག་མོ་གསེར་མིག་དེ། རི་རབ་ཁོང་སེང་བར་མ་སྲུང༌། ཁྲུང་ཁྲུང་དཀར་མོ་མགུལ་རིང་དེ། བྱ་ཐང་སྣོར་མའི་ནེ་ལྗང་སྲུང༌། ཆབ་གསལ་བྱ་ཐང་སེར་པོ་དེ། རྒྱ་མཚོ་ས་ཞག་འདམ་བུ་སྲུང༌། བཙུན་སྦྱོར་ཁྱིམ་བྱ་དེ་བོ་དེ། རྗེ་རྒྱལ་བཙན་པོའི་ཕོ་བྲང་སྲུང༌། བྱ་ལས་དཔག་པའི་བྱ་བཞི་ཡོད། ཤ་ཟན་གླག་མོ་སྐད་ཀྱིས་དཔག དུང་ཁྲ་ཧོར་བ་རྩལ་གྱིས་དཔག སྒམ་ཁྱེར་ཕ་ཝང་སྨྲ་བ་དཔག ཕོ་མ་རོག་གུ་མིག་གིས་དཔག བྱ་ལས་འཇིགས་པ་དེ་བཞི་ཡོད། ཤ་ཟན་རྣམས་ལས་དུར་བྱ་འཇིགས། འདམ་ཟན་རྣམས་ལས་སོ་བྱ་འཇིགས། སྤུ་སྡུག་རྣམས་ལས་འུག་པ་འཇིགས། སྐད་སྙན་རྣམས་ལས་ལྷ་བྱ་འཇིགས། བྱ་ལ་འགྲོ་བ་རིས་དྲུག་ཡོད། བྱེ་མར་ནེ་གུང་ལྷ་ཡི་བྱ། མཁའ་ལྡིང་ནག་མོ་ལྷ་མིན་བྱ། ཤང་ཤང་སེར་པོ་མི་ཡི་བྱ། འདམ་ཟན་ནག་ཁྲ་བྱོལ་སོང་བྱ། བྱ་གཤིན་གོ་བོ་ཡི་དྭགས་བྱ། དམེ་བྱ་ཧོར་པ་དམྱལ་བའི་བྱ། བྱ་ལ་སྐྱེ་བ་རྣམ་བཞི་ཡོད། དང་པོ་མ་ཡི་མངལ་ནས་སྐྱེས། དེ་ནས་རིན་ཆེན་སྒོང་ལས་སྐྱེས། དེ་ནས་འབྱུང་བ་དྲོད་ལས་སྐྱེས། དེ་ནས་རང་བཞིན་རྫུས་ཏེ་སྐྱེས། བྱ་སྲིད་པ་གསུམ་ལས་ཕྲེད་ཉལ་ཡིན། སྐྱེ་བ་བཞི་ལས་སྒོང་སྐྱེས་ཡིན། ཤ་ཟན་བར་སྣང་མཁའ་ལ་འཕྱོ། འདམ་ཟན་རྒྱ་མཚོའི་གླིང་དུ་སྡོད། སྤུ་སྡུག་སྐྱེད་མོའི་ཚལ་ལ་འཁྲ། སྐད་སྙན་ནགས་ཚལ་གསེབ་ན་འདུག རྒུམ་ཐུན་འབྲུ་དགུའི་བང་མཛོད་སྤེལ། རྒུམ་ཐུན་རྒྱལ་ཁམས་ཁྲོམ་དུ་ལྷག ཤ་ཟན་དུར་ཁྲོད་མངའ་བདག་བྱེད། འདམ་ཟན་ས་ཞག་འདམ་བུ་བདུད་རྩིའི་ས་ཞག་ལེན། སྤུ་སྡུག་འགྲོ་བ་གཞན་སྣང་གྱུར། སྐད་སྙན་བྱིང་མུག་འཐེབ་པ་སངས། དེ་འདབ་ཆགས་བྱའི་འབྱུང་ཁུངས་དང༌། སྲིད་པ་རྒྱུད་ཀྱི་གྲོལ་ཚུལ་དང༌། ལས་དང་ལྟང་མ་ཡོད་ཚུལ་ཡིན་¿ཞེས་སོགས་འཁོད་ཡོད་པ་རེད། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བྱ་བྱེའུ་རིགས་ཀྱི་སྐད་དང་བྱ་སྤྱོད་ལ་བརྟག་དཔྱད་བྱས་ཏེ་རྟེན་འབྲེལ་དང་རྟགས་མཚན་མང་པོ་བལྟ་སྲོལ་ཡོད་པ་དང༌། དཔེར་ན་ཁུ་བྱུག་སྐད་རྒྱག་དུས་དཔྱིད་ཀྱི་དཔལ་ཡོན་བཞད་ཅིང༌། ནོར་ལུག་སོགས་ཤ་ཤེད་རྒྱས་པར་བཤད། ཁུ་བྱུག་སྐད་ཐོག་མར་གོ་སྐབས་གོ་གོ་སྙན་སྙན་ཟེར་ཏེ་རང་ཉིད་ཀྱི་སེམས་ལ་སྐྱིད་སྣང་གི་ཚོར་བ་གསར་པ་ཞིག་སྦྱིན། ཁྲུང་ཁྲུང་ནི་ལྷ་བྱ་ཡིན་པ་འདུ་ཤེས་འཛིན་པ་དང། དེ་བཞིན་འང་གུ་འམ་ཕུག་རོན་ནི་སེམས་ཅན་གཞན་ལ་གནོད་འཚེ་མི་བྱེད་ཅིང་བྱ་འདིའི་གཟུགས་བརྙན་ནི་འཛམ་གླིང་ཞི་བདེའི་མཚོན་རྟགས་སུ་བེད་སྤྱོད་བྱེད་ཀྱི་ཡོད། བྱ་ཤང་ཤང༌། ཁྱུང་ཆེན། རྨ་བྱ། སྐྱ་ག་སོགས་ནི་བཀྲ་ཤིེས་རྟེན་འབྲེལ་མཚོན་པར་བརྩི་སྲོལ་ཡོད། ལྷག་པར་དུ་སྔོན་ཆད་བོད་མིའི་ཚོས་བྱ་རིགས་ཀྱི་ཤ་ཟ་བར་འཛེམས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

ཐེངས་ 42255 བཀླགས་འདུག