Donate

འདི་ལོ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་དང་ཚོང་ལས་སྐོར།

དབྱར་རྩྭ་དགུན་འབུ་ནི་དཔྱིད་དུས་སྤང་ལ་སྐྱེ་བའི་འབུ་སྲིན་ཤ་མོང་དུ་གྱུར་སོང་བའི་ཪིན་ཐང་ཆེ་བའི་རྩྭ་སྨན་ཞིག་ཡིན་པ་དང་དེ་བོད་མདོ་དབུས་མཐོ་སྒང་གི་ས་ཆུ་བཟང་སའི་ས་གནས་ཁག་མ་གཏོགས་ས་ཕྱོགས་གཞན་ལ་དེ་ཙམ་སྐྱེ་གི་མེད་པས་བོད་ཀྱི་ཐུན་མིན་གྱི་རང་བྱུང་ཐོན་རྫས་གྲས་ཤིག་རེད། ད་སྐབས་བོད་ཁུལ་ནས་མི་གྲངས་རྒྱ་ཆ་༥༠ཡན་མན་དབྱར་རྩ་དགུན་འབུ་ལ་བརྟེན་ནས་འཚོ་གནས་བྱེད་ཀྱི་ཡོད་པ་རེད།
ད་ལོར་བོད་ནང་དབྱར་རྩ་དགུན་འབུའི་ཐོན་ཚད་ཇེ་ཉུང་དུ་ཕྱིན་པའི་དབང་གིས་རིན་གོང་འཕར་ངེས་བ་ཞིབ་འཇུག་བྱས་འདུག
འདི་ལོ་དབྱར་རྩ་དགུན་འབུའི་ཐོན་ཚད་ལོ་སྔོན་མ་ལས་ཇེ་ཉུང་དུ་སོང་ཡོད་པས་བོད་མི་མང་པོ་ཞིག་ལ་དཔལ་འབྱོར་ཐད་རང་བཞིན་གྱིས་དཀའ་ངལ་འཕྲད་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། བོད་ནང་དབྱར་རྩ་དགུན་འབུ་སྔོག་འཐུའི་དུས་ནི་སྤྱི་ཟླ་ལྔ་བ་ནས་མགོ་ཚུགས་ནས་བརྒྱད་པ་བར་ཡིན་པ་དང་། ད་ལོ་ནག་ཆུའི་ས་ཆ་ཁག་ཅིག་ཏུ་ཐོན་ཚད་བརྒྱ་ཆའི་༥༠ཆག་ཡོད་པ་དང་། ཆབ་མདོའི་དབྱར་རྩ་དགུན་འབུའི་ཐོན་ཚད་ཀྱང་མར་ཆག་ཡོད་འདུག
མལ་གྲོ་གུང་དཀར་རྫོང་ཁོ་ནའི་ཐོན་ཚད་ན་ནིང་ལས་རྒྱ་ཆ་༦༠ཆག་ཡོད་པས་དབྱར་རྩྭ་དགུན་འབུ་རྐང་རེར་རིན་གོང་སྒོར་༡༠ནས་སྒོར་༣༠བར་འཕར་ཡོད། ཁྲོམ་རའི་རིན་གོང་ཡང་དེ་མཚུངས་ངང་འཕར་ཡོད་འདུག
དེར་བརྟེན་ཕྱི་ཟླ་དྲུག་པའི་ཉིན་བཅུ་ལྷག་ཙམ་ཁོ་ནར་རིན་གོང་འཕར་ཚད་བརྒྱ་ཆ་༡༠ཟིན་ཡོད་པ་རེད། ལས་རིགས་ནང་ཁུལ་གྱིས་སྔོན་དཔག་བྱས་པར་གཞིགས་ན། དབྱར་རྩྭ་དགུན་འབུའི་རིན་གོང་ད་དུང་འཕར་སྲིད་ཀྱི་རེད།
ལྷ་ས་གྲོང་ཁྱེར་ཅིན་མན་ཏི་དབྱར་རྩྭ་དགུན་འབུ་ཚོང་ཁང་གི་ལས་དོན་མི་སྣས་སྤྱི་རྒྱ་རེར་དབྱར་རྩྭ་དགུན་འབུ་ཆེན་པོ་རྐང་༢༠༠༠རེ་ཚད་གཞིར་བྱས་ན་ཟླ་བ་ལྔ་པའི་ཟླ་མཇུག་ལ་སྤྱི་རྒྱ་རེར་རིན་གོང་སྒོར་ཁྲི་༢༡ཡིན་ན་མིག་སྔར་སྤྱི་རྒྱ་རེར་སྒོར་ཁྲི་༢༣བར་འཕར་ཡོད། དབྱར་རྩྭ་དགུན་འབུ་གཞན་དག་སྤྱི་རྒྱ་རེའི་རིན་གོང་ཡང་སྒོར་༨༠༠༠ནས་སྒོར་ཁྲི་༡་༨ཙམ་འཕར་ཡོད་ཅེས་གསར་འགོད་པར་བརྗོད་འདུག
དེ་མིན་གནས་ཚུལ་ཡོང་ཁུངས་ནས་བརྗོད་པ་ལྟར་ན། མཚོ་སྔོན་ས་ཁུལ་དུའང་དབྱར་རྩ་དགུན་འབུའི་ཐོན་ཚད་ཤིན་ཏུ་ཇེ་ཉུང་ལ་སོང་པ་དང་། དངོས་སུ་དབྱར་རྩ་དགུན་འབུ་འཐུ་མཁན་ཞིག་གིས་འགྲེལ་བརྗོད་བྱས་པར་ལྟར་ན། ད་ལོར་དབྱར་རྩ་དགུན་འབུ་མང་པོ་སྐྱེས་མེད་པས་ངས་ས་རིན་ཡང་མི་སོད་པའི་སེམས་ཁུར་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
བསྡོམས་རྩིས་བྱས་པར་གཞིགས་ན། ན་ནིང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གཅིག་པུར་དབྱར་རྩ་དགུན་འབུའི་ཐོན་ཚད་ཊོན་ ༥༤ཙམ་ཡིན་པ་དང་། འདི་ལོར་ཏུན་ཙམ་ལས་ ༤༠ བར་ལས་ཟིན་མེད་པའི་ཚོད་དཔག་བྱས་ཡོད་པ་རེད།
དབྱར་རྩྭ་རྐོ་སྒྲུབ་བྱས་ན་ས་བཅུད་ཉམས་པས་ཟོག་ལ་ཤ་ཤེད་མི་རྒྱས་བར་གནོད་ཅིང་། དེ་མཚུངས་ཟོག་ཤ་ཟོས་ན་སྔར་ལྟར་ལུས་ཟུངས་གསོ་བའི་ནུས་པ་མི་འདུག་ཅེས་བོད་མི་རྒད་པོ་ཚོའི་ངག་ན་ཐོས་རྒྱུ་ཡོད་ལ། དེང་སང་རི་སྐྱེས་སྲོག་ཆགས་མང་པོ་པགས་ནད་ཅིག་གིས་ལ་ཤི་ལུང་ཤི་བྱེད་བཞིན་འདུག་པ་དེའང་དབྱར་རྩྭ་དགུན་འབུ་བརྐོས་སོང་བས་ཡིན་ནམ་ཞེས་འབྲོག་པ་མང་པོས་ཐེ་ཚོམ་བྱེད་འདུག གཞན་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་མཁས་ཚོས་གསུངས་པ་ལྟར་ན། དབྱར་རྩྭ་འདི་བརྐོས་ན་རང་བྱུང་གི་ཁུང་བུ་འབུག་པ་དང་ཆུ་རྐ་བཏོད་པ། གད་པ་འབྱུང་བ་དང་། ཆུ་འཁྱུལ་ཆགས་པ་སོགས་འབྱུང་བར་གནོད་པས། མཐར་ཨ་བྲའི་གནས་བཅའ་བར་སྐུལ་འདེད་བྱེད་ཅིང་། སྤང་ཐོག་ཏུ་རྩྭ་མི་སྐྱེ་བར་གནོད་པ། ཆུ་ལོག་རྒྱུག་པ་དང་རྩི་ཤིང་གི་རྩ་བར་གནོད་པས་རྩྭ་ཐང་བྱེ་ཐང་དུ་འགྱུར་བ་སོགས་ཀྱི་ཉེན་ཁའང་ཡོད་པར་བཤད།
དབྱར་རྩྭ་དགུན་འབུ་ཞེས་པ་ནི་རྩ་ཆེའི་སྨན་རྫས་ཆེས་རིན་ཐང་ཆེ་བ་ཞིག་ཡིན་ཞིང་། ས་མཐོའི་བོད་དང་རི་བོ་ཧི་མ་ལ་ཡའི་རི་རྒྱུད་བལ་ཡུལ་དང་འབྲས་ལྗོངས་སོགས་ཀྱི་རི་མགོ་སྤང་ལྗོངས་སོགས་སུ་སྐྱེ་ཡི་ཡོད། སྨན་རྩྭ་འདི་གཙོ་ཆེ་བ་བོད་ནང་སྐྱེ་ཞིང་། དེ་ཡང་རྒྱ་མཚོའི་ངོས་ནས་མི་ཊར་ ༤༣༠༠ ནས་ ༥༠༠༠ བར་གྱི་ས་མཐོའི་ཁུལ་དུ་སྐྱེ་བ་དང་། དབྱར་རྩྭ་དགུན་འབུ་ནི་དོན་དངོས་ཐོག་དབྱར་ཁ་རྩྭ་དང་དགུན་ཁ་སྲོག་ལྡན་འབུ་ཡིན་ཅིང་།
དབྱར་རྩྭ་དགུན་འབུ་ནི་གནའ་དུས་ནས་ཡོད་པའི་སྨན་རྩྭ་ཞིག་ཡིན་ཡང་། སྤྱི་ཚོགས་ནང་དཔལ་འབྱོར་གྱི་རིན་ཐང་ལྡན་ཡོད་པ་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་གཞི་ནས་ཤེས་རྟོགས་དང་དར་སྲོལ་བྱུང་བར་མངོན། དེ་ནས་ལོ་ལྟར་ཕྱི་ཟླ་ ༤ ནས ༧ བར་ལ་བོད་རིགས་ཞིང་འབྲོག་མི་མང་ཆེས་མང་པོས་རྩ་ཆེན་སྨན་རྩྭ་འདི་རྐོ་རུ་རི་ཀླུང་དང་། སྤང་གཤོང་སོགས་ལ་ཉིན་མཚན་བསྒྲིལ་ནས་ཟླ་བ་ཁ་ཤས་རིང་ཕྱོགས་སྐྱོད་བྱེད་ཀྱི་ཡོད་པ་དང་། ཁྱིམ་ཚང་འགའ་ཤས་ཀྱི་ནང་མི་ཚང་མ་རྐོ་རུ་འགྲོ་ཡི་ཡོད། དབྱར་རྩྭ་དགུན་འབུ་རྐོ་བ་དང་ཉོ་ཚོང་བྱས་པར་བརྟེན་ནས་བོད་རིགས་འབྱོར་ལྡན་ཆགས་མཁན་གང་མང་བྱུང་ཡོད། དབྱར་རྩྭ་དགུན་འབུ་ནི་བོད་ཀྱི་ས་གཤིས་བཟང་ས་དང་ཐོན་ཁུངས་ཡོད་ས་མང་ཆེ་བར་ཡོད་པ་དང་། འདི་རྐོ་དུས་སྔོ་ལྗང་ཅན་གྱི་སྤང་གཤོང་མང་པོ་ས་དོང་དྲུས་ཏེ་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཡོང་གི་ཡོད་པ་མ་ཟད། གཞི་རྒྱ་ཆེ་བའི་སྤང་དང་རྩྭ་ཐང་ཆེས་མང་པོ་ཉམས་རྒུད་འགྲོ་ཡི་ཡོད། རྩ་ཆེའི་སྨན་རྩྭ་འདི་རིགས་ཚད་ལས་བརྒལ་བ་སྔོག་འདོན་བྱས་པའི་རྐྱེན་གྱིས་རྩ་སྟོངས་སུ་འགྲོ་བའི་ཉེན་ཁའི་མཚམས་སུ་སླེབས་ཡོད་པ་དང་། ལྷག་པར་དུ་རྨ་ཆུ་དང་། རྫ་ཆུ། འབྲི་ཆུ་གསུམ་གྱི་རྒྱུད་དུ་ཡོད་པའི་དབྱར་རྩྭ་དགུན་འབུ་ནི་ཆེས་ཡག་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད།
ཉེ་དུས་ཉམས་ཞིབ་པ་ཁག་གིས་བརྟག་དཔྱད་ཀྱི་ལམ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དབྱར་རྩ་དགུན་འབུ་ཞིག་གི་ཚེ་ཚད་ life cycle ལོ་དྲུག་ཡིན་པ་དང་དེ་ལ་བརྟེན་ནས་རང་འབྱུང་གི་འཐོན་ཚད་ཆེས་དཀོན་པ་དང་ཁྲོམ་རའི་ཐོག་རིན་གོང་ཆེ་བ་དེ་ལྟར་ཡིན། སྨན་རྩ་འདིའི་ཕན་ཡོན་ནི་ཤིན་ཏུ་རྒྱ་ཆེ་བ་ལས་གཙོ་བོ་ལུས་ཟུངས་རྒྱས་པ་དང་། མཁྲིས་ཞག་ཉུང་དུ་གཏོང་བ། གློ་བ་དང་མཆིན་པ་སོགས་ཀྱི་སྐྲན་ནད་འགོག་པ། སྙིང་ནད་འགོག་པ། དབྱུགས་ཐག་རིང་དུ་གཏོང་བ་དང་ལུས་ཁམས་སྤྱིའི་འཕྲོད་བསྟེན་ལ་ཕན་པ་བཅས་ཡིན། དེ་སྔོན་ཕྱི་ལོ་༡༩༩༣ ལོར་རྒྱ་ནག་གི་རྒྱང་རྒྱུགས་རྩེད་འགྲན་པ་གསུམ་ལ་དེ་སྔོན་བྱུང་མ་མྱོང་བའི་གྲུབ་འབྲས་ཐུབ་པ་དང་དེའི་ཐད་རྒྱལ་སྤྱི་ནང་དོགས་པ་དང་གླེང་སློང་སྣ་ཚོགས་བྱུང་ཡོད། འོན་ཀྱང་ཁོང་ཚོའི་ཟུངས་ཁྲག་ནང་ཁྲིམས་འགལ་གྱི་སྨན་རྫས་གང་ཡང་མེད་པ་རྙེད་པ་དང་གསར་འགོད་པའི་དྲི་བ་བྱེད་སྐབས་ཁོང་ཚོའི་གྲུབ་འབྲས་ནི་དབྱར་རྩ་དགུན་འབུ་ལོངས་སུ་སྤྱད་པ་ལས་བྱུང་ལུགས་བཤད་པར་བརྟེན་དེ་ནས་བཟུང་རྒྱལ་སྤྱིའི་ཐོག་སྨན་རྩ་འདི་གྲགས་པ་ཆེན་པོ་བྱུང་བ་དང་རིན་གོང་ཡང་འཕར་བ་རེད། སྨན་རྩ་འདི་དུས་རབས་བཅུ་དྲུག་ཙམ་ནས་རྒྱ་ནག་གོང་མ་སོགས་མི་དྲག་ཁག་གི་ནང་དར་གསོ་དང་རིན་ཐང་ཆེན་པོ་བྱེད་པ་ཞིག་ཡིན་ནོ།། །།

ཐེངས་ 42197 བཀླགས་འདུག