Donate

འབྱུང་འགྱུར་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་བབས།

བོད་ཀྱི་ཆོས་རིག་གོམས་གཤིས་དང་མཐུན་པའི་འབྱུང་འགྱུར་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་བདག་གཅེས་དང་འབྲེལ་འཛམ་གླིང་ནང་མཛེས་སྡུག་ལྡན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བའམ་བསྟི་གནས་ཤིག་བསྐྲུན་རྒྱུ་ཡིན་པ་རེད། དཔེར་ན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་“མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་”ནང་འཁོད་དོན། “བོད་དང་ཉེ་སྐོར་ཡུལ་ཁག འཛམ་གླིང་ཁྱོན་ཡོངས་ཀྱི་ཕན་བདེའི་ཆེད། འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་རང་དབང་དང༌། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ། མཉམ་འབྲེལ། ཁོར་ཡུག་སྲུང་སྐྱོབ་དང་བཅས་པའི་ཞི་བདེའི་བསྟི་གནས་ཤིག་བསྐྲུན་རྒྱུ་”ཞེས་དང༌། “བོད་ཀྱི་ཡུལ་ཁམས་ནི་འཚེ་མེད་བྱམས་བརྩེ་ལྡན་པའི་ཞི་བའི་བསྟི་གནས་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་བསྟི་གནས་ཤིག་ཏུ་བསྒྱུར་ཐོག བར་གནས་ཀྱི་ངོ་བོར་གནས་ཏེ་དོན་གནད་གང་ཅིའི་ཐོག་དམག་འཐབ་སྤོང་རྒྱུ་”ཞེས་མ་འོངས་བོད་ཀྱི་ས་ཆ་དེ་ཁོར་ཡུག་སྲུང་སྐྱོབ་དང་ཞི་བདེའི་བསྟི་གནས་ཀྱི་ཡུལ་ལྗོངས་ཤིག་བསྐྲུན་རྒྱུའི་དགོངས་ཚུལ་དང་ལམ་སྟོན་གནང་ཡོད་པ་རེད།

དེ་བཞིན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཛད་པའི་“འབྱུང་འགྱུར་བོད་ཀྱི་སྐོར་བསམ་པའི་འཆར་སྣང་”ཞེས་པའི་ནང་“མི་དང་དུད་འགྲོའི་དབར་གྱི་འབྲེལ་ལམ་དང༌། མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་ལམ་བཅས་ནི་ཆོས་དང་དངོས་པོའི་གནས་ཚུལ་གཉིས་ཐད་ནས་ཤིན་ཏུ་གཏིང་ཟབ་ཀྱི་གཅིག་འབྲེལ་དུ་གནས་ཡོད་”ཅེས་དང༌། “ཉམས་ཆག་ཚབས་ཆེན་ཕྱིན་པའི་བོད་ལྗོངས་ཀྱི་ཁོར་ཡུག་དང༌། འབྱུང་བཅུད་བསྐྱར་གསོ་བྱ་རྒྱུ་བཅས་ནི་རང་དབང་བོད་ཀྱི་ཛ་དྲག་དང་གལ་འགངས་ཆེ་བའི་ལས་འགན་ཞིག་ཏུ་ངོས་ལེན་བྱེད་དགོས་”ཞེས་དང༌། “ཁོར་ཡུག་བདག་གཅེས་དང་སྲུང་སྐྱོབ་ཀྱི་ལས་རིམ་ནི་རང་དབང་བོད་ཀྱི་ནང་དོ་སྣང་ཆེ་ཤོས་སྤྲད་དགོས་པའི་དོན་གནད་ཅིག་ཏུ་བརྩི་རྒྱུ་ཡིན་”ཞེས་སོགས་འཁོད་ཡོད་པ་རེད།

མདོར་ན་འབྱུང་འགྱུར་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་བབས་དེ་མི་དང་ཁོར་ཡུག་གཉིས་འཆམ་མཐུན་ངང་སྔར་སྲོལ་ལྟར་གནས་དགོས་པ་མ་ཟད། སྔོ་ལྗང་ཅན་གྱི་ཡུལ་ལྗོངས་དང༌། ཞི་བའི་བསྟི་གནས། སྐྱེ་ཁམས་ཁོར་ཡུག་དོ་མཉམ་པ་ཞིག་བསྐྲུན་རྒྱུ་དེ་བོད་མི་ཚང་མར་ལས་འགན་ཆེན་པོ་ཡོད་པས། རྣམ་ཀུན་རང་ཉིད་ཀྱི་འཚོ་གནས་བྱ་སའི་ཁོར་ཡུག་དེ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པ་ཆེས་གལ་ཆེའི་དོན་ཆེན་ཞིག་ཏུ་གྱུར་ཡོད།

ཐེངས་ 42188 བཀླགས་འདུག