Donate

འབྲོག་ཐང་གྲོང་ཁྱེར་དུ་བསྒྱུར་བའི་དཀའ་སྡུག

རྒྱ་གཞུང་གི་བཙན་དབང་དང་དངུལ་དངོས་ཀྱི་བསླུ་བྲིད་འོག་འབྲོག་ཁྱིམ་མང་པོས་སོ་སོའི་ཕྱུག་ཟོག་བཙོང་ནས་གྲོང་ཁུལ་དུ་གནས་སྤོས་རྗེས་འབྲོག་པ་མང་པོ་ལས་མེད་དང་ཆང་རག་ངན་གོམས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག

Part-HKG-Hkg10257067-1-1-0ཁ་སང་ཧྥ་རན་སིའི་གསར་ཁང་ (AFP) གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་ངོ་འདི་དག་རིང་རྒྱ་ནག་གཞུང་གིས་རྒྱ་ནང་གི་བཟོ་ལས་དཔལ་འབྱོར་ཡར་རྒྱས་དང་། བོད་ཁུལ་འཛུགས་སྐྲུན་དང་བོད་མིའི་འཚོ་གནས་གོང་འཕེལ། དེ་བཞིན་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱི་ཡོད་ལུགས་སོགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་ནའང་། དོན་དམ་རྒྱ་ནག་གཞུང་གིས་འབྲོག་ཐང་གྲོང་ཁྱེར་དུ་བསྒྱུར་བའི་བཀའ་རྒྱའི་འོག་འབྲོག་ཐང་མང་ཚོགས་ཀྱིས་ཕྱུག་ཟོག་བཙོང་ནས་གྲོང་ཁུལ་དུ་གནས་སྤོ་རུ་འཇུག་གི་ཡོད་སྟབས། ད་སྐབས་འབྲོག་པ་མང་པོ་ལས་མེད་དང་ཆང་རག་ངན་ཤོམས་ཀྱི་དཀའ་སྡུག་ལ་འཕྲད་བཞིན་ཡོད་འདུག

གནས་ཚུལ་འདིའི་ནང་ཟི་ཁྲོན་ཞིང་རྔ་པ་ཁུལ་གྱི་བོད་རིགས་བུད་མེད་བཀྲ་ཤིས་ཟེར་བ་ཞིག་གིས་གསར་འགོད་པར། ངེད་ཚང་གྲོང་རྡལ་འདིར་གནས་སྤོ་བྱས་རྗེས་འཚོ་རྟེན་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང་། དེ་ཡང་ཐོག་མར་རང་ཉིད་ལ་འཚམ་པའི་ལས་ཀ་མ་རག་པས་འཚོ་རྟེན་གྱི་ཡོང་འབབ་ཆད་པ་དང་། ལོ་ན་ ༤༠ སོན་པའི་བདག་གི་ཁྱོ་བོས་ཆང་རག་འཐུང་རྒྱུ་མང་དུ་ཕྱིན་སོང་། ཞེས་བརྗོད་འདུག

ཡང་ལོ་ ༤༢ ཡིན་ཞིང་མིང་ལ་སྒྲོལ་དཀར་ཟེར་བ་ཞིག་གིས། ལོ་ངོ་གཉིས་ཀྱི་སྔོན་ལ་ངེད་ཚང་ལ་ནོར་ ༡༣ ཙམ་ཡོད་པ་དམངས་སྒོར་ཁྲི་ ༨༥ བྱས་ནས་བཙོང་ཟིན། ད་ནི་རང་ཉིད་ལ་འཚམ་པའི་ལས་ཀ་མི་རག་པས། ངས་དེ་སྔོན་ཕྱུག་ཟོག་བཙོང་ཟིན་པར་དེང་སྐབས་ང་ཞེ་སྣང་དང་འགྱོད་པ་སྐྱེ་ཡི་འདུག སྐབས་དེར་ངས་ཕྱུག་ཟོག་གི་རིན་གོང་མཐོ་པོ་ཁུག་སོང་སྙམ་ཡང་། གྲོང་ཁུལ་གྱི་འཚོ་རྟེན་འདི་འདྲ་དཀའ་བར་ངས་ཤེས་མ་སོང་། སྐབས་དེར་སྲིད་གཞུང་གི་མི་སྣ་ཆེད་མངགས་ཀྱིས་ངེད་ཚང་གྲོང་རྡལ་དུ་གནས་སྤོ་དགོས་ལུགས་བཤད་པས་ངེད་ཚང་གྲོང་རྡལ་ལ་གནས་སྤོས་པ་ཡིན། ད་ལྟ་ངས་གཞི་ནས་ཤེས་སོང་། ངེད་ཚང་ཕྱིར་འབྲོག་ཁུལ་དུ་ལོག་འདོད་ཀྱང་ད་ལྟ་ཕྱི་དྲགས་ཚར་བ་རེད། ཅེས་སྐྱོ་སྡུག་གི་ངང་ནས་བརྗོད་འདུག

Part-HKG-Hkg10257069-1-1-0མིང་ལ་རྡོ་རྗེ་ཟེར་བའི་འབྲོག་པ་ཞིག་གིས། ངེད་ཚང་ལོ་དྲུག་གི་སྔོན་ལ་གྲོང་རྡལ་དུ་གནས་སྤོ་རུ་བཅུག་པ་དང་། འདི་གར་ང་ཚོས་ཞོར་ལས་སྣ་ཚོགས་ལ་གཞོལ་གྱིན་ཡོད། དེང་སྐབས་ངའི་ཕྲུ་གུ་ཚོས་བོད་ཀྱི་ལོ་རྒྱུས་མི་ཤེས་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་བས་ཀྱང་ཤེས་ཀྱི་ཡོད་པ་མ་རེད། མ་ཟད་ངའི་བུ་རབས་ཚ་རྒྱུད་ཀྱིས་ད་ལྟ་ང་ཚོས་མྱོང་བཞིན་པའི་མེད་མུག་གི་འཚོ་གནས་འདི་ཙམ་མ་གཏོགས། ངེད་ཚང་སྔོན་ཆད་འབྲོག་ཐང་དུ་ངོ་སོ་ཆེ་ཞིང་འབྲོག་ཁྱིམ་ཕྱུག་པོ་ཞིག་ཡིན་པ་རྩ་ནས་ཤེས་ཀྱི་མ་རེད། ཅེས་བརྗོད་འདུག

གཞན། ནང་སོག་ཞིང་ཕྱུག་སྤྱི་ཚོགས་ཚན་རིག་ཁང་གི་རྩྭ་ཐང་ཞིབ་འཇུག་ཚན་པའི་མགོ་གཙོ་གཞོན་པ་སུན་ཅེ་ (Sun Jie) ཟེར་བ་ཞིག་གིས། གཞི་རྒྱ་ཆེ་བའི་རྩྭ་ཐང་བེད་མེད་དུ་བསྐྱུར་བས་མི་ཕན་པར། རང་བྱུང་རྩྭ་ཐང་དུ་ངེས་པར་ཕྱུག་ཟོག་འཚོ་སྐྱོང་དང་ལོ་འདབ་འདེབས་འཛུགས་དགོས་ཀྱི་ཡོད་པ་རེད། མ་གཏོགས་རྩྭ་ཐང་གི་ས་གཞིའི་བཅུད་ཉམས་ནས་རང་བྱུང་སྐྱེས་དངོས་ཡོད་ཚད་རང་བཞིན་གྱིས་ཉམས་ཆག་འགྲོ་གི་ཡོད་སྐོར་སོགས་བརྗོད་འདུག

གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42215 བཀླགས་འདུག