Donate

འཛམ་གླིང་སའི་གོ་ལའི་ཉིན་མོར་ཁོར་ཡུག་གཙང་བཟོ་བྱས་པ།

འཛམ་གླིང་སའི་གོ་ལའི་ཉིན་མོར་ཁོར་ཡུག་གཙང་བཟོ་བྱས་པ།

ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༢ ཉིན་ནི་འཛམ་གླིང་སའི་གོ་ལའི་ཉིན་མོ་ཡིན་པ་དང་། དེ་རིང་ཞོགས་པའི་ཆུ་ཚོད་ ༩། ༣༠ ཐོག་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། དྷ་ས་ཁོར་ཡུག་གཙང་བཟོ་ལས་ཁུངས་གཉིས་མཉམ་འབྲེལ་གྱིས་དྷ་ས་ཁུལ་དུ་གད་སྙིགས་བསྡུ་རུབ་ཀྱིས་ཁོར་ཡུག་གཙང་བཟོ་བྱེད་པའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
DSC_9655ཁོར་ཡུག་གཙང་བཟོ་ལས་ཁུངས་དང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་གཉིས་ཀྱིས་གཙང་བཟོ་བྱེད་སའི་ས་ཕྱོགས་ཆ་བགོས་ཀྱིས། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མཐའ་བསྐོར་དང་། གཤམ་འོག་བོད་ཀྱི་བདེ་རྩའི་ལས་ཁུངས་འགྲམ་བར་དུ་གད་སྙིགས་བསྡུ་རུབ་བྱས།
DSC_9677ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་སྣེ་ཁྲིད་འོག ལྷའི་ལས་བྱེད་དང་། དང་བླང་ལས་བྱེད། སློབ་ཕྲུག ལྷའི་སྤྱི་ཐབ་ནང་ཞལ་ལག་མཆོད་མཁན་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་གྱིས་འགྱིག་ཤོག་དང་། ཤེལ་དམ། གྱོན་ཆས་རྙིང་པ་སོགས་ཁྱོན་གད་སྙིགས་དོ་པོ་༥༠ཙམ་བསྡུ་རུབ་ཐུབ་པ་བྱུང་ཞིང་། གད་སྙིགས་དེ་དག་གད་སྙིགས་དབོར་མཁན་གྱི་རླངས་འཁོར་ཆེ་བ་ཞིག་གི་གང་ཆགས་འདུག
DSC_9711ལྷས་གད་སྙིགས་བསྡུ་རུབ་བྱེད་མཁན་རྣམས་ལ་འགྱིག་གི་ལག་ཤུག་དང་། རྩ་རས་སོགས་སྔ་ས་ནས་གྲ་སྒྲིག་བྱས་པ་དང་། གད་སྙིགས་གཙང་བཟོ་ཚར་རྗེས་ལས་ཀ་བྱེད་མཁན་རྣམས་ལ་ཆུ་མངར་མོ་སོགས་བཏེགས་ནས་ཁོང་རྣམ་པར་ལས་ཀ་ཧུར་ཐག་སྒོས་གད་སྙིགས་བསྡུ་རུབ་དང་སྤྱི་དོན་གྱི་ལས་ཀ་འཁུར་དུ་བླངས་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་རེད།
DSC_9729འཛམ་གླིང་སའི་གོ་ལའི་ཉིན་མོ་ World Earth Day ནི་ལོ་ལྟར་ཕྱི་ཟླ་ ༤ པའི་ཚེས་ ༢༢ ཉིན་སྲུང་བརྩི་བྱེད་བཞིན་པའི་གཙོ་བོར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༧༠ ལོར་ཆེས་ཐོག་མའི་ཉིན་མོ་འདི་བཞིན་སྲུང་བརྩི་བྱས་པ་དང་། རིམ་བཞིན་འཛམ་གླིང་ཡོངས་ཁྱབ་རང་བཞིན་གྱི་ཉིན་མོ་ཞིག་ཏུ་གྱུར་ནས། ད་ལྟའི་ཆར་ལོ་ལྟར་འཛམ་གླིང་གི་རྒྱལ་ཁབ་ཁག་ ༡༩༢ ཙམ་གྱི་ནང་སྲུང་བརྩི་ཐོག ཉིན་དེར་ཁོར་ཡུག་གཙང་བཟོ་དང་། ཤིང་སྣ་འདེགས་འཛུགས། ཁོར་ཡུག་དང་འབྲེལ་བའི་གནད་དོན་ལ་ཞུ་གཏུགས། ངོ་རྒོལ་སོགས་ལས་འགུལ་ཅི་རིགས་སྤེལ་གྱི་ཡོད་པ་རེད།

ཐེངས་ 42275 བཀླགས་འདུག