Donate

ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ཨག་སྟོད་ས་གནས་སུ་ས་འགུལ་རིམ་པ་ ༦.༢ བྱུང་བ།

ཁམས་པའི་བརྙན་འཕྲིན་ (KBTV) ཞེས་པའི་འཕྲིན་སྟེགས་སུ་སྤེལ་གསལ་ལྟར་ན། སྤྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་པེ་ཅིན་གྱི་ཆུ་ཚོད་གསུམ་དང་སྐར་མ་བཅུ་བཞིའི་ཐོག་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། རྫ་སྟོད་རྫོང་གི་ཉེ་འཁོར་(འཕྲེད་ཐིག་བྱང་མ་ཏུའུ་32.81 དང་། གཞུང་ཐིག་ཤར་མ་ཏུའུ་ 94.93 གྱི་མཚམས་) སུ་ས་ཡོམ་རིམ་པ་ 6.2 བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་ 9 ཙམ་ཡོད་པར་བཤད་འདུག འོན་ཀྱང་མི་ཕྱུགས་ལ་གོད་ཆག་བྱུང་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་མི་འདུག་སྟབས། རྫ་སྟོད་རྫོང་ས་གནས་སུ་བཞུགས་པའི་འབྲེལ་ཡོད་ལ་འཕྲིན་ཕྲན་བརྒྱུད་ས་འགུལ་དེའི་སྐོར་སྐད་ཆ་དྲིས་པར། ཁོང་གིས་ས་འགུལ་དེའི་ལྟེ་བ་རྫ་སྟོད་ཀྱི་འབྲོག་པའི་ཕྱོགས་སུ་ཡིན་སྟབས་རྫོང་ཐོག་ཏུ་འུར་སྒྲ་ཆེན་པོ་གྲགས་པ་དང་ཁང་པར་གཏོར་སྐྱོན་བྱུང་བ་ལས་ད་ལྟའི་ཆར་མི་ལ་རྨས་སྐྱོན་སོགས་བྱུང་བ་གོ་རྒྱུ་མི་འདུག འོན་ཀྱང་ཡུལ་མི་རྣམས་འཇིགས་སྐྲག་ངང་ཁང་པའི་ཕྱིར་དོན་ནས་དོགས་ཟོན་ལྷོད་མེད་བྱེད་བཞིན་འདུག་བཅས་སོགས་འགྲེལ་བརྗོད་གནང་བྱུང་། ས་ཡོམ་རྒྱག་ས་དེ་རྫ་སྟོད་ཀྱི་འབྲོག་པ་ཉུང་ཤས་གནས་སྡོད་བྱེད་སའི་ཨག་སྟོད་ཞེས་པའི་ས་གནས་སུ་ཡིན་ཚུལ་སོགས་རྒྱུད་ལམ་གཞན་ཁག་ཏུ་བཀོད་འདུག་ཀྱང་།  ཁུལ་དེར་ས་ཡོམ་གྱིས་རྐྱེན་པས་མི་ཕྱུགས་ལ་གནོད་སྐྱོན་གང་འདྲ་བྱུང་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོག་མི་འདུག

ཡུལ་ཤུལ་ཨག་སྟོད་ཕྱོགས་ཀྱི་ས་ཁྲ། པར་གྱི་ཡོང་ཁུངས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་གནས།

ཡུལ་ཤུལ་ཨག་སྟོད་ཕྱོགས་ཀྱི་ས་ཁྲ། པར་གྱི་ཡོང་ཁུངས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་གནས།

རྫ་སྟོད་རྫོང་། པར་གྱི་ཡོང་ཁུངས་ཁམས་པའི་བརྙན་འཕྲིན་ (KBTV) འཕྲིན་སྟེགས།

རྫ་སྟོད་རྫོང་། པར་གྱི་ཡོང་ཁུངས་ཁམས་པའི་བརྙན་འཕྲིན་ (KBTV) འཕྲིན་སྟེགས།

ཐེངས་ 42405 བཀླགས་འདུག