Donate

རང་བྱུང་ཁམས་ཆེན་མོའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་ཉམས་ཆག་གི་རྒྱུ་རྐྱེན་རགས་རིམ།

དབྲ་རུ་སྨྱུག་རྒོད།

ཁོར་ཡུག་ཉམས་ཆག་གི་རྒྱུ་རྐྱེན་ནི་ཞིབ་ཏུ་བཤད་ན་བརྗོད་ཀྱིས་མི་ལངས་མོད། འོན་ཀྱང་ཁོར་ཡུག་དང་། སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཆེད་མཁས་པ་དག་གིས་རྒྱུ་རྐྱེན་གཙོ་བོ་གཉིས་བཤད་པའི་དང་པོ་ནི་རང་བྱུང་གི་རྐྱེན་ (Natural causes) དང་། གཉིས་པ་འགྲོ་བ་མིའི་རྐྱེན་ (Human causes) གཉིས་ཡིན་ཞིང་། དེ་གཉིས་ལས་ཕྱི་མ་འདི་ཉེན་ཚབས་ཆེ་བ་དང་། ལྡོག་ཕྱོགས་ཀྱི་འབྲས་བུ་འབྱིན་པར་ཆེས་མྱུར་བས་བཤད། རང་བྱུང་གི་རྒྱུ་རྐྱེན་ནི་རང་བྱུང་ཁམས་ལས་བྱུང་བའི་འགྱུར་གྲོས་ཏེ། དཔེར་ན། མེ་རིའི་བྱེད་ལས་དང་། ཉི་འོད་ཀྱི་ལྡོག་འཕྲོ། ཉི་མའི་མཐའ་འཁོར་གྱི་སའི་གོ་ལའི་འཁོར་ལམ་སོགས་ཀྱི་འགྱུར་བ་ལས་བྱུང་ཞིང་། དེ་དག་ལས་སའི་གོ་ལའི་ནུས་ཤུགས་ཕྱིར་འདོན་ཚད་དང་། ནང་དུ་གསོག་ཚད་ལ་ཤུགས་རྐྱེན་ཐེབས་ཏེ་སའི་གོ་ལའི་ནུས་ཤུགས་ཆ་མི་སྙོམས་པར་གྱུར་གྱི་ཡོད་སྟབས། མཁའ་དབུགས་ལ་སོགས་པའི་རང་འབྱུང་ཁམས་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་གམ་གནོད་སྐྱོན་ཡོང་གི་ཡོད།

ང་ཚོའི་གོ་ལ་གྲུབ་བཞིན་པའི་རྣམ་པ།

ཕྱོགས་གཞན་ཞིག་ནས་བཤད་ན་འཇིག་རྟེན་འདི་ཉིད་ལོ་ཐེར་འབུམ་ 13.8 ཙམ་གྱི་སྔོན་དུ་འབར་གས་ཆེན་པོ་ (Big bang) ལས་བྱུང་བའི་ཚན་རིག་པ་ཚོའི་འགྲེལ་ཚུལ་(ད་ལྟའི་འཇིག་རྟེན་འདིའི་ཐོག་མའི་ཆགས་ཚུལ་ལ་འབར་གས་ཆེན་པོ་མ་ཡིན་པའི་འགྲེལ་ཚུལ་གཞན་འགའ་ཞིག་ཡོད་ཀྱང་། ད་ལྟ་བར་དུ་འབར་གས་ལས་བྱུང་བའི་ལྟ་ཚུལ་འདི་ཁོ་ན་ཁུངས་ལེགས་པ་ཡིན) ལྟར་བྱས་ན། འབར་གས་ཆེན་པོའི་རྗེས་ཀྱི་ལོ་སྟོང་ཕྲག་ལྔ་བརྒྱ་ཙམ་གྱི་རྗེས་སུ་འཇིག་རྟེན་འདི་ཉིད་རླངས་གཟུགས་ཀྱི་སྤྲིན་པའི་རྣམ་པར་ཧ་ཅང་ཆེ་ཞིང་། དྲོད་ཚད་ཧ་ཅང་མཐོ་བ་ནས་རིམ་བཞིན་གྲང་མོར་གྱུར་ཞིང་། ལོ་ཐེར་འབུམ་གཅིག་ཙམ་གྱི་རྗེས་སུ་སྐར་མ་དང་། དགུ་ཚིགས་སོགས་ཆགས་འགོ་ཚུགས་པ་དང་། འབར་གས་ཆེན་པོའི་རྗེས་ཀྱི་ལོ་ཐེར་འབུམ་ ༤‚༥༤༣ ཙམ་ནས་སའི་གོ་ལ་འདི་ཉིད་བྱུང་བར་བཤད་ཅིང་། གོ་ལ་འདི་ཡང་བར་སྣང་གི་བྲག་རྡོ་རྣམས་བར་མ་ཆད་པར་གདོང་ཐུག་དང་། གཙུབ་བརྡར། གས་འཐོར། འདྲེས་སྦྱོར་སོགས་ཅི་རིགས་བྱས་པ་ལས་བྱུང་ཞིང་། དེ་ནས་རྡོ་ཞུན་གྱི་རྣམ་པ་སྟེ་ཧ་ཅང་ཚ་བའི་གཤེར་གཟུགས་ཡིན་པ་ནས་རིམ་བཞིན་གྲང་མོར་འགྱུར་བ་དང་། རྫས་སྣ་ཚོགས་འདུས་ནས་གཤེར་གཟུགས་ཏེ་ཆུ་བྱུང་བས་མ་ཚད། གོ་ལའི་ཕྱི་ངོས་ཕལ་ཆེར་བ་ཆུ་བོ་ཆེན་པོས་བཏུམས་པར་གྱུར་ཅིང་། གོ་ལའི་གཏིང་ནས་རྡོ་ཞུན་ཕྱི་ངོས་སུ་འཕྱུར་ཞིང་། དེ་དག་ཕན་ཚུན་འཕྲད་པ་ལས་ཆེས་ཐོག་མའི་གླིང་ཆེན་རྣམས་བྱུང་། མཁའ་དབྱིན་ནས་བྱུང་བའི་སྐར་མདའ་སྟོང་ཕྲག་མང་པོ་རྒྱ་མཚོར་ལྷུང་བ་དང་། གོ་ལའི་དཀྱིལ་སྙིང་ནས་རྡོ་ཞུན་རྒྱ་མཚོའི་ནང་དུ་ཡུན་རིང་འཕྱུར་བ་ལས་རྒྱ་མཚོ་རྣམས་བ་ཚྭ་ཅན་དང་། རྫས་རིགས་འདྲ་མིན་འདུས་པའི་བདག་ཉིད་ཅན་དུ་གྱུར་བ་དང་། དུས་ནམ་ཙམ་ཡིན་པ་དང་ཚུལ་ཇི་ལྟར་ཡིན་པ་གསལ་པོ་ཞིག་དེ་སྔོན་སུས་ཀྱང་མ་བཤད་མོད། གང་ལྟར་རྫས་དེ་དག་ལས་རིམ་པས་འབུ་སྲིན་ཕྲ་མོའི་རིགས་བྱུང་ནས་འཇིག་རྟེན་འདིར་ཚེ་སྲོག་གི་ཐོག་མ་བྱུང་།
དེ་ནས་དུས་ཡུན་ཧ་ཅང་རིང་པོའི་རྗེས་ཀྱི་ད་ལྟ་ནས་ཡར་བརྩིས་པའི་ལོ་དུང་ཕྱུར་ ༢.༦ ཙམ་ན་ཁྱགས་རོམ་གྱི་དུས་རབས་བྱུང་བ་རེད། དེའི་དཔང་རྟགས་ནི་ཚན་རིགས་པ་དག་ལ་མང་དུ་འཆད་རྒྱུ་འདུག་ཀྱང་འདིར་བཀོད་ན་མང་བར་འདུག་པས་ལས་སླ་ས་ནས་གླེང་ན་ད་ལྟ་མཐོང་དུ་ཡོད་པའི་ལྷོ་བྱང་གི་སྣེ་གཉིས་དང་། སྣེ་གསུམ་པར་འབོད་པའི་བོད་མཐོ་སྒང་སོགས་སུ་དེང་སང་ཡང་མཐོང་རྒྱུ་ཡོད་པའི་འཁྱགས་རོམ་འདི་དག་གིས་ཀྱང་ཆོག་པར་འདུག དེའི་རྗེས་སུ་དྲོད་ཚད་རྒྱས་ཏེ་འཁྱམས་རོམ་རྣམས་ཞུ་བཞིན་པ་སོགས་སྤྱིར་འཇིག་རྟེན་འདི་དང་། དགོས་སུ་སའི་གོ་ལ་འདི་ཉིད་འགྱུར་ལྡོག་དང་།  འཕེལ་འགྲིབ་སོགས་ཀྱི་ངང་གནས་མུན་ཡིན་ཞིང། དེ་ལྟ་བུའི་འགྱུར་ལྡོག་གི་རང་བཞིན་ཅན་གྱི་སའི་གོ་ལ་འདི། དང་པོ་འབར་བཞིན་པའི་བྲག་རྡོ་ལས་ལོ་ཟླ་ཧ་ཅང་མང་པོ་ཞིག་འདས་པའི་རྗེས་སུ་སྔོ་ལྗང་ཡིན་དུ་འོང་བའི་གོ་ལ་འདིར་འགྱུར་བ་ཡིན། གསང་བ་དང་ངོ་མཚར་ཆེ་བའི་གོ་ལ་འདི་ད་ལྟ་འགྱུར་བཞིན་པ་དང་། མ་འོངས་པར་ཡང་འགྱུར་ལྡོག་འགྲོ་ངེས་ཡིན་པ་རིག་པས་གྲུབ་ཅིང་། མཐའ་མར་ཞིག་ནས་མེད་པར་གྱུར་འགྲོ་བའང་རིག་པས་གྲུབ་ཡོད། སའི་གོ་ལའི་འགྱུར་ལྡོག་གི་རིགས་ནི་མཐའ་གཅིག་ཏུ་མི་ལེགས་པ་དང་། ཡང་ན་མཐའ་གཅིག་ཏུ་བཟང་པོ་ཡིན་དགོས་པའི་ངེས་པ་ནི་རྩ་བ་ནས་མེད་པར་བཟང་ངན་ལེགས་ཉེན་གང་ཡང་ཡོང་ཆོག་པ་ནི་གོང་གི་འབར་གས་ཆེན་པོ་ནས་བརྩིས་པའི་ད་ལྟའི་བར་གྱི་འགྱུར་ལྡོག་དེ་དག་ལས་དཔོག་ཐུབ་པ་ཡིན་ནོ།།
ཁོར་ཡུག་ཉམས་ཆག་གི་རྐྱེན་གཉིས་པ་འགྲོ་བ་མིའི་རྐྱེན་ནི་གཙོ་བོ་འགྲོ་བ་མིའི་རིགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་འབྱུང་གི་ཡོད། དཔེར་ན། མི་རྣམས་ཀྱིས་དམིགས་ཡུལ་དང་དགོས་དབང་སྣ་ཚོགས་པ་དང་། ལྷག་པར་དུ་ཇི་ཙམ་སྤྱད་ཀྱང་ཚིམས་རྒྱུ་མེད་པ་དང་། ཇི་ཙམ་ཡོད་ཀྱང་ཆོག་ཤེས་མེད་པའི་འགྲོ་བ་མིའི་རིགས་ཀྱི་འདོད་རྔམ་དང་ཧམ་སེམས་ཀྱིས་རྐྱེན་པས་རང་བྱུང་ཁམས་ལ་གནོད་པའི་བྱ་བ་མང་ཐག་ཆོད་པ་གཅིག་བྱེད་བཞིན་པ། དཔེར་ན།  མི་རྣས་ཀྱིས་རྡོ་སྣུམ་མེར་བསྲེགས་པ་དང་། ཞིང་ཁ་དང་། གླིང་ཁ་སོགས་ཀྱི་ཆེ་དུ་ས་གཤིས་དང་། ས་ངོས་ལ་བསྒྱུར་བཅོས་གཏོང་བ། ལྷག་པར་དུ་བཟོ་ལས་གསར་བརྗེའི་རྗེས་ནས་བཟོ་གྲྭའི་དུག་རླངས་དང་། བཙོག་ཆུ་སོགས་ཀྱིས་མཁའ་དབུགས་དང་། ཆུ་བོ། རླུང་ཁམས་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཟིན་པ་དང། མུ་མཐུད་ནས་གནོད་སྐྱོན་གཏོང་གི་ཡོད་པ་ཡོངས་གྲགས་སུ་གྱུར་ཡོད། དེར་མ་ཟད་གཏེར་ཁ་སྔོག་འདོན་དང་། ཤིང་ནགས་གཅོག་བྲེག ཆུད་མཛོད་དང་། གློག་ཁང་བསྐྲུན་པ་སོགས་ཀྱིས་རང་བྱུང་ཁོར་ཡུལ་ནི་ཉི་རེ་ལས་མ་འདས་པར་ཉམས་ཆག་འགྲོ་བའི་རྒྱུ་རྐྱེན་མང་དག་གཅིག་ང་ཚོས་བྱེད་ཀྱི་ཡོད།
གོང་ཞུས་ཀྱི་བཟོ་གྲྭའི་དུག་རླངས་ལས་ནག་རྫས་འབར་རླངས་སམ། ནག་རླངས་ཉིས་འགྱུར་ (carbon dioxide ཁར་བོན་འཚོ་རླུང་ཟུང་ལྡན། དྲི་དང་ཁ་དོག་བྲལ་ཞིང༌། རླུང་ལས་ལྕི། མེ་མི་འབར་བ། དངོས་པོ་མེར་སྲེག་སྐབས་དང་དབུགས་གཏོང་སྐབས་འབྱུང་བའི་རླུང་གཟུགས་ཤིག མེ་གསོད་པའི་ཡོ་ཆས་ནང་སྤྱོད་སྒོ་ཆེ་ཞེས་སོགས་གསལ གཙོ་བོར་བཟོ་གྲྭ་སོགས་སུ་རྡོ་སོལ་དང་། རྡོ་སྣུམ་མེར་བསྲེགས་པ་ལས་བྱུང་ཞིང་མཁའ་དབུགས་ལ་གནོད་ཚབས་ཆེ ) དང་། རླངས་གཟུགས་གཞན་མང་པོ་ཞིག་བར་སྣང་ཁམས་སུ་གཏོས་ཆེར་འདུས་ཤིང་འཁྲིགས་ཏེ་རླུང་ཁམས་སུ་རྒྱུ་ཞིང་གོ་ལའི་ཕྱི་བཏུམས་ནས་ཡོད་པ་དང་། མདོག་སྔོན་པོ་དང་རླངས་གཟུགས་ཡིན་སྟབས་ (green­-house -gas) ཡང་ཟེར། ནག་རླངས་ཉིས་འགྱུར་གྱིས་གོ་ལའི་ཕྱི་ངོས་བཏུམ་ནས་ཡོད་སྟབས་དེའི་ནང་གི་གོ་ལར་ཚ་དྲོད་ཇེ་ཆེར་འགྲོ་བ་ཡིན། དཔེར་ན། འགྱིག་ཤོག་གི་གུར་གྱི་ནང་དུ་དྲོད་ཚད་ཧ་ཅང་ཆེ་བ་ལྟ་བུ་རེད།
དེ་ལྟ་བུའི་ཆེས་འཇིགས་སུ་རུང་བའི་བྱ་བ་དེ་དག་འགྲོ་བ་མི་སྟེ་ང་ཚོ་རང་ཉིད་ཀྱིས་གཅིག་ལས་གཅིག་ངར་དང་། ང་ལས་ཁོ་མགྱོགས་ཀྱི་ངང་ནས་སྒྲུབ་བཞིན་པ་ཡིན། འཕགས་ཡུལ་གྱི་སྐྱེས་བུ་ཆེན་པོ་གྷན་དྷི་མཆོག་གིས་“མ་ཡུམ་སའི་གོ་ལ་འདིར་འགྲོ་བ་མིའི་དགོས་མཁོ་སྐོང་བའི་ནུས་པ་ཡོད་མོད། འོན་ཀྱང་མིའི་འདོད་རྔམ་ཚིམས་པར་བྱེད་པའི་ནུས་པ་རྩ་བ་ནས་མེད།” ཅེས་གསུངས་པ་ལྟར། ང་ཚོའི་འདོད་རྔམ་ལ་ཚད་མེད་ཀྱང་སའི་གོ་ལའི་ཐོན་ཁུངས་ལ་ཚད་ཡོད་པས་འགྲོ་བ་མི་ཙམ་མ་ཟད་སྲོད་ལྡན་གྲངས་ཀྱིས་མི་ལོང་པའི་རྟེན་གཞིར་གྱུར་པའི་མ་ཡུམ་ཆེན་མོ་སའི་གོ་ལ་འདི་ཉིད་དེ་རིང་ནས་བཟུང་སྟེ། སའི་གོ་ལའི་མཐོ་རིམ་སྲོག་ཆགས་སུ་གྲགས་པའི་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་གཏོར་བཤིག་གཏོང་རྒྱུ་ལས་ལྡོག་སྟེ་གཅེས་སྤྲད་དང་། དགའ་ཞེན། སྲུང་སྐྱོང་སོགས་ངེས་པར་དུ་བྱེད་དགོས་སོ་ཞེས་རེ་སྐུལ་ཞུ་བ་དང་བཅས་རེ་ཞིག་འདི་ཙམ་གྱིས་ཆོག་པར་བྱའོ།། །།

            [གསལ་བཤད]

            རྩོམ་ཐུང་འདི་ཕྲན་དཔྱད་ཀྱི་རྣམ་པར་བྲིས་པས་དཔྱད་རྩོམ་རྒྱས་པའི་འབྲི་ལུགས་ལྟར་གྱི་གང་ལ་གཏུགས་པའི་ཁུངས་སོགས་དྲངས་མེད་ཀྱང་། ནང་དོན་དང་ལོ་ཚིག་ལ་སོགས་པ་དབྱིན་ཡིག་གི་ཞིབ་འཇུག་རྩོམ་ཡིག་མང་པོ་ནས་འཚོལ་སྡུ་བྱས་པ་ཡིན་སྟབས་ཡིད་བརྟན་འཕེར་ངེས་སུ་ཡོད་ལ། ལྷག་པར་དུ་དབྱིན་ཡིག་ཐོག་ཡོད་པའི་ཆེད་རྩོམ་དང་། དེ་བཞིན་དབྱིན་སྐད་ཀྱི་ནང་དུ་ཡོད་པའི་འཇིག་རྟེན་ཆགས་ཚུལ་སྐོར་གྱི་དངོས་བྱུང་གཞི་འཛིན་གྱི་གློག་བརྙན། (documentary film) ལྟ་བུ་དང་།  ཆེད་ལས་པའི་ཞིབ་འཇུག་རྩོམ་ཡིག་དག་ལ་ཁུངས་བཅོལ་ཡོད་པས་སྐད་རིགས་གཞན་མི་མཁྱེན་མཁན་གྱི་རང་རིགས་བོད་ཡིག་ཀློག་པ་པོ་དག་ལ་ལེགས་སྐྱེས་སུ་འབུལ་བ་ཡིན།

 སྤྱི་ལོ་ ༢༠༡༧ ཟླ་ ༠༥ ཚེས་ ༢༢ ཉིན་སྤེལ།

པར་གྱི་ཡོང་ཁུངས། ང་ཚོའི་གོ་ལའི་ལོ་རྒྱུས། “History of our world”

ཐེངས་ 42363 བཀླགས་འདུག