Donate

རང་བྱུང་ཁམས་སླར་གསོ་བྱེད་ཐབས།

༧རྒྱལ་དབང་འབྲུག་པ། རང་བྱུང་ཁམས་ནི་ང་ཚོར་དྲིན་ཆེན་ཡིན། ང་ཚོ་རང་བྱུང་ཁམས་ལ་བརྟེན་ནས་འཚོ་བ་དང་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན། ང་ཚོ་རང་བྱུང་ཁམས་ཡིན་ཟེར་ནའང་ཆོག འཇིག་རྟེན་སྲིད་པ་ཆགས་པ་ནས་བཟུང་ང་ཚོས་འཚོ་གནས་དང་བདེ་ཐབས་ཆེད་རང་བྱུང་ཁམས་ལ་བརྟེན་ཡོད།

ང་ཚོའི་བདག་འཛིན་གྱིས། ང་རང་བྱུང་ཁམས་ཀྱི་གོང་དུ་ཡོད། ང་ཀུན་གྱི་གོང་རོལ་དུ་ཡོད། ངས་ཚང་མ་སྟངས་འཛིན་བྱེད་ཀྱི་ཡོད། རང་བྱུང་ཐོན་ཁུངས་རྣམས་བེད་སྤྱོད་བྱེད་དབང་ང་ལ་ཡོད་ཅེས་བརྗོད་ཀྱི་ཡོད། ངས་དྲན་གསོས་པ་ཞིག་ལ་སྔོན་མ་རྒྱ་གར་ནང་ཆུ་ཉོ་དགོས་མེད་པ་དང་རྫས་ལུད་ཉོ་སྤྱོད་བྱེད་ཀྱི་མེད་པས་ང་ཚོས་ལོངས་སུ་སྤྱོད་རྒྱུའི་ཞིང་ལས་ཐོན་རྫས་ཀུན་སྐྱེ་ལྡན་ཐོན་རྫས་ཤ་སྟག་ཡིན་ཅིང་ཚང་མ་ད་ལྟ་ལས་སྐྱིད་པ་ཡོད།

ཉེ་ཆར་ངས་ཚག་པར་ཞིག་གི་ནང་དེང་སང་ཞིང་ལས་ཐོན་རྫས་སྐྱེད་འཕེལ་བསྒྱུར་བཟོ་བྱེད་ཀྱི་ཡོད་གནས་མཐོང་བྱུང་བས་ཧ་ལས་པོ་བྱུང༌། ང་ཚོའི་བཟའ་བཅའ་རྣམས་ཀྱང་རང་བྱུང་ཐོན་སྐྱེད་མིན་པར་བཅོས་སྒྲིག་བྱས་པའི་ཐོན་རྫས་ཡིན་པ་ཤེས་རྟོགས་བྱུང༌། སྐྱེ་ལྡན་ཐོན་རྫས་ལ་རིན་བབས་ཧ་ཅང་ཆེན་པོ་སྤྲོད་དགོས་ཀྱི་ཡོད། མ་འོངས་པར་ང་ཚོ་མིའི་རིགས་ཀྱང་ཡང་རང་བཞིན་མ་ཡིན་པར་འགྱུར་སྲིད། ང་ཚོས་ལོ་རབས་མང་པོར་ང་ཚོའི་བཟའ་བཅའ་ལེགས་བཅོས་དང་ང་ཚོའི་མི་ཚེ་སྟབས་བདེ་དང་ཡར་རྒྱས་ཡོང་ཐབས་ཀྱི་སྦྱོར་ཐབས་གསར་གཏོད་ཆེད་ངལ་རྩོལ་བྱས་ཡོད། ཨ་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་གྱིས་ཉམས་ཞིབ་བྱས་འབྲས་སུ་འདི་ལྟ་བུའི་བཅོས་མ་དང་གསར་གཏོད་རིགས་མེད་ན་ལེགས་པ་ཡོད་པ་ཤེས་རྟོགས་བྱུང་ཡོད། གསར་གཏོད་ཚང་མ་སྡུག་ཅག་རེད་ཟེར་གྱི་མེད་ཀྱང་ཁ་ཤས་དངོས་གནས་ཁྱད་མཚར་འདུག

ང་ཚོའི་རང་འདོད་ཆེ་བའི་མི་ཚེ་བསྐྱལ་སྟངས་ཡ་མཚན་འདི་ལ་བརྟེན་ནས་དེང་སང་ཉིན་རེ་བཞིན་ནད་རིགས་གསར་པ་ཐོན་ཡོང་གི་ཡོད། འདི་ང་ཚོའི་ལས་འབྲས་རེད། ང་ཚོའི་སྤྱོད་ལམ་གྱི་རྣམ་སྨིན་རེད། རང་གིས་ཉོས་པ་རེད།

ང་ཚོས་སྐྱེ་བ་ནས་སྐྱེ་བར་རང་བྱུང་ཁམས་བེད་སྤྱོད་ལོག་པར་སྤྱད་ཡོད། རང་འདོད་ཤུགས་ཆེ་བའི་རྐྱེན་གྱིས་རང་གི་འདོད་རྔམ་སྟངས་འཛིན་བྱེད་ཐུབ་ཀྱི་མེད། ཁོར་ཡུག་བཀོལ་ཉེས་བཏང་བའི་དབང་གིས་རྐྱེན་ངན་གོད་ཆག་མང་པོ་ཡོང་བཞིན་པ་འདི་ཚོ་རང་བྱུང་གོད་ཆག་མིན། ང་ཚོས་རང་བྱུང་ཁམས་ལ་གནོད་སྐྱོན་བཏང་དྲགས་པའི་ཉེར་ལེན་རེད།

རང་བྱུང་ཁམས་སླར་གསོ་བྱེད་ཐབས་དེ་ངས་གལ་གནད་དང་པོར་འཇོག་གི་ཡོད། ང་ལ་ཚན་རིག་གི་ཤེས་ཡོན་དེ་ཙམ་མེད་སྟབས་ངའི་བྱེད་ཐབས་ནི་གདོད་མའི་ཐབས་ཤེས་ཤིང་འཛུགས་བྱེད་རྒྱུ་དང་གོམ་འགྲོས་སྐོར་བསྐྱོད་བྱེད་རྒྱུ་དེ་ཡིན། བྱེད་ཐབས་འདི་གཉིས་རྙོག་འཛིངས་ཅན་མིན་པར་སྤྲོས་མེད་ཡིན་སྟབས་མི་མང་པོ་ཞིག་གིས་ཐབས་ཤེས་འདི་བྱབ་ཆུང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་སྒྲུབ་འབྲས་ཆེན་པོ་ཞིག་སོན་རེས་རང་གི་མི་ཚེ་འདི་རྙོག་འཛིངས་ཅན་ཞིག་ཏུ་གྱུར་ཡོད་པ་དང༌། སྒྲུབ་འབྲས་བཟང་པོ་ཐོབ་རྒྱུའི་ཚབ་ཏུ་ནད་རིགས་མང་བ་དང་རྐྱེན་ངན་གོད་ཆག་མང་བ་ཡོང་བཞིན་ཡོད།

ངའི་གྲོགས་པོ་ཚོར་ངས་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་པའི་བློ་སྟོབས་ཅན་གྱི་འབད་བརྩོན་ནང་ཞུགས་རྒྱུར་གདན་ཞུ་བྱེད་ཀྱི་ཡོད། ཧི་མ་ལའི་སྐྱེ་ཁམས་སྣོད་བཅུད་ནི་གོ་ལའི་སྣོད་བཅུད་དང་འབྲེལ་བ་ཡོད། འཛམ་གླིང་གི་མི་འབོར་ཕྱེད་ཙམ་གྱི་ཆུའི་འབྱུང་ཁུངས་ནི་ཧི་མ་ལ་ཡའི་རྒྱུད་ཀྱི་གཙང་པོ་ཡིན། ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་ང་ཚོས་རང་བྱུང་ཁམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་ལ་དྭགས་སུ་ཤིང་འཛུགས་བྱས་ཏེ་ Guinness World Records ཟིན་ཐོ་གསར་གཏོད་བྱེད་ཐབས་བྱེད་ཀྱི་ཡིན། བཟང་མོ་ལགས་ནས་འབྲུག་པ་གཞོན་ནུ་ཚོགས་པརཤིང་འཛུགས་ལས་འཆར་གྱི་རྨང་གཞིའི་ལས་ཀ་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ཧེ་མི་དགོན་པའི་དགེ་འདུན་པ་ཡོངས་དང༌། ལ་དྭགས་ཡོངས་ཀྱི་འབྲུག་པ་གཞོན་ནུ་ཚོགས་པས་ས་གནས་སུ་ཧུར་བརྩོན་ཆེན་པོས་ལས་ཀ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་བྱམས་བརྩེའི་འཚོ་བའི་ (Live To Love) ཚོགས་སྡེ་ཀུན་ནས་དཔལ་འབྱོར་འདུ་འགོད་ཀྱི་ལས་འགུལ་སྤེལ་བར་རྗེས་སུ་ཡི་རང་ཡོད།

ངས་གནས་ཚུལ་གསལ་བཤད་ལེགས་པར་བྱེད་ཐུབ་ཀྱི་མི་འདུག་སྟབས་གནས་ཚུལ་ཞིབ་ཕྲ་བྱམས་བརྩེའི་འཚོ་བའི་ (Live To Love) དྲྭ་རྒྱར་ www.LiveToLove.org གཟིགས་རོགས་གནང༌། ཁྱེད་ཅག་ཀུན་ནས་དངོས་སུའམ་ཡང་ན་ཤིང་སྡོང་གི་སྦྱིན་བདག་བྱས་ཏེ་ལས་འགུལ་འདིའི་ནང་ང་ཚོ་མཉམ་དུ་ཞུགས་ཐུབ་པའི་རེ་བ་ཡོད། གོ་ལ་འདི་ང་ཚོ་ཀུན་གྱི་ཁྱིམ་ཡིན་པས་ཚང་མས་མཉམ་རུབ་ཐོག་འབད་རྩོལ་བྱེད་དགོས།།

ཡོང་ཁུངས། http://www.gyalwangdrukpa.org དྲ་ཚིགས། 

ཐེངས་ 42170 བཀླགས་འདུག