Donate

རང་བྱུང་ཁོར་ཡུག་ལ་དོ་ཁུར།

ཁོར་ཡུག་ཉམས་རྒུད་དང་གཏོར་སྐྱོན་ཉུང་དུ་གཏོང་རྒྱུ། གཞན་ཡང་འགྲོ་བ་མི་དང་ས་སྟེང་གི་སྲོག་ལྡན་ཚང་མའི་ཆེད་དུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང༌། རང་བྱུང་ཁོར་ཡུག་དང་དེའི་ཐོན་ཁུངས་ལ་རྫོགས་མཐའ་ཡོད་པ་ངོས་འཛིན་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་པ་ཚོས་མི་འབོར་འཕེལ་རྒྱས་འགྲོ་བཞིན་པ་དང་བསྟུན། དེ་དག་གི་དགོས་མཁོ་ཡང་ཆེ་རུ་འགྲོ་བཞིན་ཡོད་པས། རང་བྱུང་ཁོར་ཡུག་དོ་མཉམ་དང་ཡུན་གནས་ཐུབ་པའི་ཆེད། རང་བྱུང་ཐོན་ཁུངས་ལ་གྲོན་ཆུང་གིས་བེད་སྤྱོད་དོན་དང་ལྡན་པ་གཏོང་དགོས་པ་ཤེས་རྟོགས་ཡོང་ཆེད་ལས་དོན་དང་ལས་འགུལ་སྣེ་མང་སྤེལ་བཞིན་ཡོད་པ་དང༌། འོན་ཀྱང་དེ་དག་ལེགས་གྲུབ་ཡོང་བའི་ཆེད་དུ་འགྲོ་བ་མིའི་ཀུན་སློང་འཁྱེར་སོ་ལ་འགྱུར་བ་ཤུགས་ཆེ་ཞིག་གཏོང་དགོས་པ་མ་ཟད། དེ་ཡང་འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས་རང་བྱུང་ཁོར་ཡུག་དང་མཉམ་དུ་འཆམ་འཐུན་ངང་གནས་དགོས་པ་ཡིན། འགྲོ་བ་མིས་ཁོར་ཡུག་ལ་གནོད་འཚེ་བྱས་པ་དེ་འདས་པའི་འཛམ་བུ་གླིང་གི་ས་གཞིར་འགྱུར་བ་ཆེན་པོ་ཕྱིན་པ་དང་དུས་མཚུངས།

མིའི་གྲངས་འབོར་མུ་མཐུད་འཕེལ་རྒྱས་དང་དེ་དག་གི་ཉིན་རེའི་འཚོ་བ་དང་ལྷག་པར་རྒྱས་སྤྲོས་རིགས་ཀྱི་དགོས་མཁོ་རྣམས་ཆེ་རུ་འགྲོ་ཡི་ཡོད་པ་དེ་དག་ལ་ཚོད་འཛིན་བྱེད་དགོས་ཤིང༌། འགྲོ་བ་མིས་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དེ་འགྲོ་བ་མི་གཙོས་པའི་རི་སྐྱེས་སྲོག་ཆགས་དང༌། སྐྱེ་དངོས་རྩི་ཤིང་སོགས་མུ་མཐུད་གནས་ཐུབ་མིན་ལ་ཉེན་ཚབས་ཡོད་པ་ངོས་འཛིན་བྱེད་དགོས། དེང་སང་ཚན་རྩལ་རིག་གནས་ཆེས་ཚད་མཐོར་སླེབས་པ་དང༌། བཟོ་ལས་ལག་རྩལ་ཡར་རྒྱས་ཕྱིན་པའི་དབང་གིས་མིའི་རིགས་ཀྱི་གནས་སྐབས་ཀྱི་འཚོ་གནས་ལ་བདེ་སྐྱིད་དང་འོད་སྣང་ལྡན་ཡོད་ནའང༌། རང་བྱུང་ཁོར་ཡུག་ལ་ཚད་ལས་འདས་པའི་གནོད་འཚེ་ཚབས་ཆེན་གཏོང་གི་ཡོད།

རང་བྱུང་ཁོར་ཡུག་དང་དེའི་ཐོན་ཁུངས་དག་ད་ལྟའི་མི་རབས་ཙམ་མ་ཡིན་པར་འབྱུང་འགྱུར་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་གཙོས་པའི་མི་རབས་གསར་པ་ཚོར་ལོངས་སྤྱོད་དང་དགོས་མཁོ་བསྐོང་ཐུབ་པ་དགོས་རྒྱུ་དེ་ད་ལྟའི་མི་རབས་ཚོར་འོས་འགན་ཆེན་པོ་ལྡན་ཡོད་ལ། མདོར་ན་ད་ཡོད་རང་བྱུང་ཁོར་ཡུག་གི་གྲུབ་ཆ་དག་བསྐལ་པ་ཇི་སྲིད་ནམ་གནས་བར་དུ་དེ་སྲིད་རང་བྱུང་ཁོར་ཡུག་གྲུབ་ཆ་ཆ་ཚང་བ་གནས་དགོས་པ་དེ་ཡང་འགྲོ་བ་མི་གཙོས་པའི་སྲོག་ཆགས་ཚང་མའི་བདེ་སྐྱིད་ཀྱི་འཚོ་གནས་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། མེད་དུ་མི་རུང་བའི་དགོས་མཁོ་ཡང་རང་བཞིན་གྱིས་ཆགས་ཡོད་པ་རེད།།

ཐེངས་ 42219 བཀླགས་འདུག