Donate

རི་བོ་ཇོ་མོ་གླང་མ་འགུལ་བསྐྱོད་ཆེན་པོ་བྱུང་ནས་ལྷོ་ནུབ་ལ་ནུར་འདུག

རྒྱ་ནག་གི་ཚན་རིག་པ་ཚོས། ཉེ་ཆར་བལ་ཡུལ་ལ་འགུལ་ཤུགས་ཆེ་བའི་ས་ཡོམ་བྱུང་སྐབས་རི་བོ་ཇོ་མོ་གླང་མ་འགུལ་བསྐྱོད་ཆེན་པོ་བྱུང་ནས་ལྷོ་ནུབ་ལ་ནུར་འདུག་ཞེས་ཡོངས་བསྒྲགས་བྱས་འདུགརི་བོ་ཇོ་མོ་གླང་མ།དེ་ཡང་འདི་ལོའི་ཕྱི་ཟླ་བཞི་པའི་ཚེས་༢༥ཉིན་བལ་ཡུལ་ནང་ས་ཡོམ་འགུལ་ཚད་རིམ་པ་ཆེན་པོ་བརྒྱབ་པའི་རྐྱེན་གྱིས་རི་བོ་ཇོ་མོ་གླང་མར་འགུལ་བསྐྱོད་ཆེན་པོ་བྱུང་བར་མ་ཟད། འཛམ་གླིང་ནང་གི་རི་བོ་མཐོ་ཤོས་དེ་སེན་ཊི་མི་ཊར་གསུམ་ཙམ་མམ་ཨིན་ཇི་གཅིག་ཙམ་ལྷོ་ནུབ་ཁུལ་དུ་ནུར་ཡོད་པ་རྒྱ་ནག་གི་ཚན་རིག་པ་ཚོས་བརྗོད་འདུག ཕྱིའི་ཚན་རིག་པ་ཁག་གཅིག་གི་ས་ཡོམ་གྱི་རྐྱེན་པས་ཇོ་མོ་གླང་མའི་མཐོ་ཚད་ཆུང་དུ་ཕྱིན་ཡོད་སྲིད་པ་བརྗོད་ཡོད་ཀྱང་། རྒྱ་ནག་གི་ཚན་རིག་པ་ཚོས་རི་བོ་དེ་ལྷོ་ནུབ་ཀྱི་ཕྱོགས་སུ་ནུར་ཡོད་པ་ལས་མཐོ་ཚད་ལ་ཁྱད་པར་ཕྱིན་མེད་པ་བརྗོད་ཡོད་འདུག ཇོ་མོ་གླང་མའི་མཐོ་ཚད་ནི་མི་ཊར་༨༨༤༨དམ་ཧྥེ་ཊི་གཉིས་ཁྲི་དགུ་སྟོང་བརྒྱ་མེད་ཉི་ཤུ་རྩ་དགུ་ཙམ་ཡིན་པ་རེད།
རྒྱ་ནག་གི་ཚན་རིག་པ་ཚོས་གཉེར་བའི་ཞིབ་འཇུག་གི་གྲུབ་དོན་དེ་གཟའ་མིག་དམར་ཉིན་ཕྱིར་བསྒྲགས་བྱས་ཡོད་ཅིང་། དེའི་ནང་འདས་པའི་ལོ་བཅུའི་རིང་ཇོ་མོ་གླང་མ་ལོ་ལྟར་སེན་ཊི་མི་ཊར་བཞི་ཙམ་གྱི་ཚད་གཞིའི་ཐོག་ནས་བྱང་ཕྱོགས་སུ་ནུར་བཞིན་ཡོད་པ་དང་། དུས་ཡུན་དེའི་རིང་སེན་ཊི་མི་ཊར་གསུམ་ཙམ་གྱི་ཚད་གཞིའི་ཐོག་ནས་ཇོ་མོ་གླང་མའི་མཐོ་ཚད་འཕར་ཡོད་པ་བརྗོད་ཡོད་པ་རེད། ཨ་མི་རི་ཀའི་ཀོ་ལོ་ར་ཌོའི་སློབ་གྲྭ་ཆེན་མོའི་ས་ཁམས་ཚན་རིག་གི་སློབ་དཔོན་Roger Bilham གྱིས་རྒྱ་ནག་གི་ཚན་རིག་པ་ཚོའི་ཞིབ་འཇུག་གི་གྲུབ་དོན་ལ་མོས་མཐུན་གནང་འདུག་ལ། གཞན་ཡང་བལ་ཡུལ་གྱི་ས་ཡོམ་ཐོག་ཞིབ་འཇུག་བྱ་མཁན་གྱི་ཚན་རིག་པ་ཚོས་ཕྱི་ཟླ་༤ཚེས་༢༥དང་། སླར་ཡང་ཕྱི་ཟླ་༥ཚེས་༡༢སོ་སོར་བལ་ཡུལ་ནང་ས་ཡོམ་མགུལ་ཚད་ཆེན་པོ་བརྒྱབ་པ་དེས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུ་མི་ཊར་གཉིས་ཙམ་གྱི་ཚད་གཞིའི་ཐོག་ནས་ལྷོ་ཕྱོགས་སུ་ནུར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གནས་ཚུལ་ཡོང་ཁུངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཐེངས་ 42151 བཀླགས་འདུག