Donate

རི་རྒྱ་ཀླུང་རྒྱ་བསྡམས་པའི་ཁྲིམས།

རང་ཅག་བསིལ་ལྡན་ལྗོངས་འདིའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པད་མོའི་ཟློས་གར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཕྱའི་ྋཞབས་བརྟན་དང༌། ྋརྒྱལ་བསྟན་ཆབ་སྲིད་སྐྱེ་འགྲོ་ཡོངས་ལ་ཕན་བདེའི་ལེགས་ཚོགས་གོང་འཕེལ་འབྱུང་ཐབས་བཅས་ཀྱི་ཆེད་སྡེ་སྣོད་སོ་སོའི་ཁྱབ་ཁོངས་སུ་གཏོགས་པར་དུད་འགྲོ་ཆེ་ཕྲའི་སྲོག་ལ་བདོ་བའི་གནོད་གཙེར་ཆེ་ངེས་ཀྱི་གཅན་གཟན་འཕར་སྤྱང་ཕུད།

དེ་བྱིངས་བྱ་དང་རི་དྭགས་ཉ་སྲམ་སོགས་རི་ཀླུང་སྐམ་གཤེར་ལ་གནས་པའི་སྲོག་ཆགས་དབུགས་ཐོག་ཆེ་ཕྲ་ཡོངས་ལ་མི་འཇིགས་སྲོག་གི་སྐྱབས་སྦྱིན་རྒྱ་བསྡེབས་བཙན་དམིགས་སུ་ཆེ་བའི་དམ་བསྒྲགས་དང༌། དེ་མཚུངས་ལྕགས་འབྲུག་ནས་བཟུང་གྲོང་སྡེ་སོ་སོར་ཟླ་རེའི་ཉ་སྟོང་བརྒྱད་གསུམ་དང་ཆོ་འཕྲུལ་ཟླ་བ། ས་ག་ཟླ་བ། དྲུག་པའི་ཚེས་བཞི། དགུ་པ་ལྷ་བབས། ལྔ་མཆོད་ཆེན་མོ་བཅས་ཀྱི་དུས་ཆེན་རིང་དང་བཅས་པར་དམར་ཁེ་དང༌། ཉེར་མཁོ་བཤས་གཏོང་བྱ་མི་གང་ས་ནས་སྲོག་གཅོད་གནས་ནས་མི་ཆོག་པ་བཅས་ཀྱི་རྒྱས་དཔྱད་སོང་དོན་ལྟར་རང་ཁོངས་རྒྱ་ཁྱབ་ལ་ཁྲིམས་འདོམས་འཇུག་གནོན་དམ་བཅིངས་དགོས་རྒྱུ་སྨོས་ཅི། རྫོང་གཞིས་གཞན་གྱི་མངའ་ཁོངས་སུའང་ཚུལ་མིན་འགལ་སྤྱོད་རིགས་ཡོད་མེད་གསང་ཉུལ་རྟོག་ཞིབ་ལྷོད་མེད་བགྱིས་ཏེ་དངོས་ཐོག་ར་འཕྲོད་ཡོད་ཚེ་སྐབས་སྦྱར་སོ་སོར་འདི་གར་རྒྱུ་མཚན་ཁ་གསལ་ངེས་བསྲིངས་དགོས་རྒྱུའི་འཆར་འཕར་རྩ་ཚིག་དང༌། འདི་ནས་ཆེད་དམིགས་བཀོད་རྒྱ་སྔ་ཕྱི་བཅས་རིམ་པར་སོང་ཡང་གླེན་གདེངས་ཚོད་རྩིས་སྤྱི་སྒོས་བདེ་ཐབས་ཀྱི་བཀོད་དོན་ལ་བརྩི་མེད་བསམ་ཤེས་དོ་ཁུར་དམན་པའི་རྐྱེན་དབང་ངམ། སྣེ་མོ་བ་གཙོ་དྲག་དང་བཅས་པས་རྩ་འཛིན་བྱ་ཡུལ་རྩ་ཚིག་དང༌། བཀོད་ཐམ་རྣམས་གསར་རྙིང་འཕོ་ལེན་སྐབས་རྩིས་སྤྲོད་རྩིས་ལེན་བྱ་ཐུབ་ཙམ་ལས་རྣམ་ཀུན་སྤྲོད་ཁོངས་དཀར་ཆག་བསྒྲིལ་འཐུམ་ཁོངས་སུ་བཞག་སྟེ་དགོས་དོན་རྟོག་ཞིབ་ཆུང་སྐྱོན་གྱི་ངང་ཚུལ་ཇི་ཡིན་གང་ལྟར་མཇུག་གནོན་བག་ལ་ཞི་བའི་ཚུལ་མིན་རིགས་མེད་དམ་སྙམས་པ་ཤུགས་བསྟན་གྱིས་འདི་ལོ་གཞུང་བསྟན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་ནོར་གླིང་གཟིམ་ཆུང་ཉི་འོད་དབྱར་གསོལ་སྤྱན་འདྲེན་ཐོག་རྡོ་རྗེའི་བཀའ་ལུང་སྩལ་དོན་དུ། རྒྱལ་ཁྱབ་ཡོངས་ལ་རི་ཀླུང་རྒྱ་བསྡེམས་ནན་འདོམས་དགོས་རྒྱུ་ཕེབས་པར་བརྟེན་འདི་ནས་ཀྱང་བཀོད་རྩ་སྔ་འབྲུ་དོན་ཚུལ་གནས་ཡོད་མེད་ད་དུུང་ཕྱི་ནང་གསང་གསུམ་དུ་ཉང་གནོན་བགྱིད་རྒྱུ་མ་ཟད། གལ་ཏེ་འཆར་ཅན་ཡིན་དབང་གིས་བཀོད་རྩ་འགལ་འཛོལ་དུ་འགྲོ་རིགས་སུ་ཐད་ནས་བགྱིས་པ་འདི་དག་པ་འདི་གར་གོ་ཐོས་སམ། སྣེ་མོ་ལས་བྱེད་ནས་རྒྱུ་མཚན་འབྱོར་པ། གཞན་དག་ནས་ཞུ་འབོད་བྱས་རིགས་སོགས་ཤར་ཚེ་འགལ་པ་པོ་དྲག་ཞན་སུ་ཡིན་རུང་བདག་གིར་བྱས་པའི་ལས་འབྲས་ཆུད་མི་འཛའ་བའི་འགལ་ཉེས་རང་ཐོག་ཏུ་མྱོང་དགོས་སྨོས་ཅི། ཁྱེད་རང་སྣེ་སྡོད་སུ་འདྲའི་ཁྱབ་ཁོངས་ཡིན་རུང་སྣེ་སྡོད་ལས་འཁུར་ཚ་ལེན་ཐོག་ཉེས་པ་ཐེག་པར་དཀའ་བ་གཅོད་ངེས་ཡིན་གཤིས་དེ་ལྟར་མ་དགོས་པའི་སྤྱི་སྒོས་བདེ་ཐབས་དང༌། རང་རང་ལས་འབྲས་ཁེ་ཉེན་གང་སར་བསམ་ཤེས་སྤང་བླངས་འཇོལ་མེད་ཀྱིས་ཁྱེད་རང་སྣེ་མོ་ལས་འཛིན་ངོ་མའམ་ས་གནས་སོ་སོར་རྟག་སྡོད་དང་འབྲེལ་བའི་ཁྱབ་ཁོངས་སུ་རི་ཀླུང་རྒྱ་བསྡམས་དང༌། གྲོང་སྡེ་སོ་སོར་ཡང་དུས་ཆེན་གོང་འཁོད་རྣམས་ལ་དམར་ཁེ་སྲོག་གཅོད་གཏན་ནས་མི་ཆོག་པའི་དམ་བསྒྲགས་ཚ་ནན་དང༌། དེ་མཚུངས་དགུན་ཐོག་བཤས་དུས་སྐབས་ཀྱང་དུད་འགྲོ་རྒྱ་ཕྲག་མང་པོ་དུས་གཅིག་ཏུ་སྲོག་གཅོད་སྡིག་གཙེར་གྱི་འདོད་བརྔམས་དམར་ཁེ་ཚོད་མེད་བྱེད་པའི་རིགས་མེད་པའི་ངེས་པ་མི་འདུག་པ་དེ་དག་ཀྱང་འདི་ལོ་ནས་བཟུང་ཉེར་མཁོ་ཉོ་ཚོང་སྲོག་གཅོད་ཕྲན་བུའི་མ་བགྱིས་མཐུ་མེད་ཡོང་གནས་ལས། དེ་མིན་སྔར་ལུགས་དུད་འགྲོ་གྲངས་མང་སྲོག་གཅོད་དེ་རིགས་ནམ་ཡང་མི་ཆོག་པའི་མཐའ་འདོམས་ངེས་ནན་དང་འབྲེལ་བའི་དམ་བསྒྲགས་རྒྱུན་བསྲིངས་ཚུལ་བཞིན་དགོས་རྒྱུ་མ་ཟད། ལྷག་པར་རྒྱ་ཁྱབ་སྣེ་སྡོད་ཆེ་ཕྲ་དང༌། ལྷ་སྡེ་མི་སྡེ་སེར་སྐྱ་མཆོག་དམན་བར་པ་བཅས་མཐའ་དག་ནས་ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་ལུགས་ཟུང་ཁྲིམས་བཟང་ལ་རྟག་ཏུ་བདེ་དགེར་སྤྱོད་པའི་བླང་དོར་བྱེད་སྒོའི་སྐོར་དེ་སྔ་ས་ཁྱི་ལོར་སྩལ་བའི་སྦུག་དམ་རྩ་ཚིག་དོན་ཚན་ལྔ་པ་དང༌། དེ་དག་གི་དགོངས་དོན་རྩ་བར་བཟུངས་ཏེ་བོད་རྗེ་སྲིད་སྐྱོང་ན་རིམ་ནས་མཇུག་གནོན་རྩ་ཚིག་བཀའ་ཤག་ནས་རྒྱབ་གནོན་བཀོད་རྩ་བཅས་རིམ་པར་བསྩལ་བའི་འབྲུ་དོན་ལ་རྩ་འཛིན་མཇུག་གནོན་ཁྱབ་བསྡོམས་བླང་དོར་འཇོལ་མེད་རྒྱུན་བསྲིངས་སུ་སྤྱད་ངོས། འདི་བྱ་ྋསྙན་ཞུ་ཁམས་དྭངས་ངེས་འབུལ་དགོས་རྒྱུ་བཅས་དེ་དོན་ཡིད་འདོམས་གྱིས། ཤིང་སྤྲེལ་ཟླ་ ༦ ཚེས་ ༢༨ ལ།།

ཐེངས་ 42179 བཀླགས་འདུག