Donate

རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་གཏོར་བཅོམ།

།ཚན་རིག་པ་ཁག་ཅིག་གིས་བརྗོད་གསལ་ལྟར་ན། རྩི་ཤིང་དང་སྲོག་ཆགས་རྩ་སྟོངས་སུ་འགྲོ་བའི་ཚད་གཞི་དེ་ལོ་ངོ་ས་ཡ་དྲུག་ཅུ་རེ་ལྔ་ལྷག་སྔོན་གཏུམ་འབྲུག་སྲོག་ཆགས་ཌན་ནོ་སོར་ཞེས་པ་དེ་རྩ་སྟོངས་སུ་ཕྱིན་པའི་དུས་རབས་ཀྱི་མཇུག་གི་ཆ་དང་བསྡུར་ན་ཤིན་ཏུ་མགྱོགས།

ཕྱི་ལོ་ ༡༩༩༠ ལོར་གཞིར་བཞག་ན། འཛམ་གླིང་ཁྱོན་ཡོངས་ཀྱི་འོ་འཐུང་སྲོག་ཆགས་ཀྱི་རྒྱ་ཆ་ ༡༢ དང༌། འདབ་ཆགས་ཀྱི་བརྒྱ་ཆ་ ༡༡ ཙམ་སྟོངས་ལ་ཉེ་བའི་གྲས་སུ་བཞག་ཡོད་པ་དང༌། ཨ་རི་གཅིག་པུར་མཚོན་ནའང་སྲོག་ཆགས་རིགས་ ༥༤༠ ཙམ་ཉེན་ཁ་ཅན་དུ་གྱུར་བ་དང༌། ༡༥༠ ཙམ་སྟོངས་ལ་ཉེ་བའི་ཟིན་ཐོར་དུ་བཀོད་ཡོད་པ་རེད།  སྤྱིར་སྐྱེ་དངོས་དང་རི་སྐྱེས་སྲོག་ཆགས་རིགས་རྩ་སྟོངས་སུ་འགྲོ་བའི་གནད་དོན་གཙོ་བོ་ཁག་ནི་འགྲོ་བ་མིའི་གྲངས་འབོར་ལོ་རེ་བཞིན་འཕར་བཞིན་པས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་ལ་དབང་སྒྱུར་དང་བདག་བཟུང་བྱེད་ཀྱི་ཡོད་པ། དེ་བཞིན་སའི་གོ་ལ་དྲོད་ཚད་ཇེ་མཐོར་འགྲོ་བཞིན་པར་བརྟེན། སྐྱེ་དངོས་དང་སྲོག་ཆགས་ཀྱི་སྐྱེས་འཕེལ་དང་འཚོ་གནས་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་པ། ཚན་རིག་ལག་རྩལ་དང༌། དཔལ་འབྱོར་འདུ་འགོད། ཞིང་ལས་ཐོན་སྐྱེད་ཆེད་དུ་སྐྱེ་དངོས་དང་རི་སྐྱེས་སྲོག་ཆགས་རིགས་དམིགས་བསལ་རྩ་སྟོངས་སུ་འགྲོ་བའི་གནད་དོན་ཞིག་དང༌། རིགས་མི་འདྲ་བའི་སྲོག་ཆགས་མང་པོ་ཞིག་གི་འཚོ་གནས་ཁོར་ཡུག་གསར་པ་ཞིག་ཏུ་སྐྱེལ་འདྲེན་བྱས་པ་དང༌། རྔོན་རྒྱག་གི་རྐྱེན་པས་རི་སྐྱེས་སྲོག་ཆགས་དག་གི་འཚོ་གནས་གླིང་ཕྲན་དག་ལ་ཤུགས་རྐྱེན་མངོན་གསལ་དོད་པོ་ཡོང་གི་ཡོད། ལྷག་པར་དུ་རྩ་ཆེའི་སྐྱེ་དངོས་དང་རི་སྐྱེས་སྲོག་ཆགས་ཆེས་མང་པོ་འགྲོ་བ་མིའི་འཚོ་གནས་ཀྱི་དགོས་མཁོའི་ཆེད་རྔོན་རྒྱག་དང་ཚན་རིག་བརྟག་དཔྱད་འོག་ཚེ་སྲོག་མང་པོ་ཤོར་གྱི་ཡོད་པས་དེ་ཡང་སྟོངས་ལ་ཉེ་བའི་གནད་དོན་ཆགས་ཀྱི་ཡོད་པ་རེད། ཕྱི་ལོ་ ༡༧༧༨ ལོར་ཡོ་རོབ་ཀྱི་སྐྱེ་དངོས་འཚོལ་ཞིབ་པ་ཚོས་ཨ་རིའི་གླིང་ཕྲན་ཧ་ཝི་ཨེན་ཕྱི་རོལ་གྱི་སྐྱེ་དངོས་རིགས་མི་འདྲ་ ༣༩༠༠ ལྷག་བརྒྱུད་འདྲེན་བྱས་པ་ནས་བཟུང་ཨ་རིའི་སྐྱེ་དངོས་རིགས་བརྒྱ་ཆ་ ༧༥ ལྷག་རྩ་སྟོངས་སུ་སོང་ཡོད། ད་ལྟ་ས་གནས་དེའི་རྩི་ཤིང་ལྔ་ཆ་གཅིག་ཙམ་དང༌། འདབ་ཆགས་རིགས་བརྒྱ་ཆ་ ༥༠ ཙམ་ཞིག་རྩ་སྟོངས་སུ་འགྲོ་བའི་ཉེན་ཁར་ཐུག་ཡོད། འཚོ་གནས་ཁོར་ཡུག་ཤོར་བ་ནི་སྲོག་ཆགས་རྩ་སྟོངས་སུ་འགྲོ་བའི་རྒྱུ་རྐྱེན་ཞིག་ཆགས་ཡོད། འཛམ་གླིང་སྤྱི་ཡོངས་ནས་བཤད་ན་ལོ་ངོ་སུམ་བརྒྱ་ལྷག་གི་ཡར་སྔོན་དང་བསྡུར་ན་ནགས་ཚལ་གྱི་བརྒྱ་ཆ་ཉི་ཤུ་ལྷག་ཉུང་དུ་སོང་ཡོད། ཞིང་ལས་ཀྱི་ས་ཁྱོན་ཡོངས་ནས་ལྡབ་ལྔ་ཙམ་ཟིན་གྱི་ཡོད་ཅིང༌། ནགས་ཚལ་དང་ས་གཞི་ཞིང་སར་གྱུར་བ་དེ་སྔོན་མའི་སྐྱེ་དངོས་དང་སྲོག་ཆགས་ཀྱི་འཚོ་གནས་མང་པོ་རྩ་མེད་བཟོས་ཤིང༌། རི་དྭགས་རྔོན་རྒྱག་གི་ལས་ནི་སྐྱེ་དངོས་སྲོག་ཆགས་རྩ་སྟོངས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཡོད། ཨ་ཧཕི་རི་ཁའི་ས་ཁུལ་ཁག་ཅིག་ཏུ་ལྟོ་གོས་འཚོལ་སྒྲུབ་ཀྱི་ཆེད་རྔོན་རྒྱག་ཚད་ལས་བརྒལ་བ་བྱེད་ཀྱི་ཡོད་པ་དང༌། སྤྱིར་འཛམ་གླིང་གང་སར་རི་དྭགས་རྔོན་རྒྱག་དང༌། དེ་དག་གི་ཆ་ཤས་ནག་ཚོང༌། རྒྱལ་སྤྱིའི་ནང་རི་སྐྱེས་སྲོག་ཆགས་ཀྱི་ལུས་ཀྱི་ཆ་ཤས་རིགས་བཟོ་ལས་ཐོན་སྐྱེད་བྱས་པ་སོགས་ཀྱི་ཚད་གཞི་ཆེས་མཐོན་པོར་སླེབས་ཡོད་པ་དང༌། དཔེར་ན་ཕྱི་ལོ་ ༢༠༠༦ ལོར་རྒྱལ་སྤྱིའི་བདག་མེད་སྲོག་ཆགས་སྲུང་སྐྱོབ་ཀྱི་ཚོགས་འདུ་ཞིག་གི་སྐབས་སུ་གསལ་བཤད་བྱས་དོན་ལྟར་ན་རི་སྐྱེས་སྲོག་ཆགས་ཀྱི་ཆ་ཤས་ཁྲིམས་འགལ་གྱི་ཉོ་ཚོང་བྱས་པ་དེ་རྒྱལ་སྤྱིའི་ནང་ལོ་རེའི་ཨ་སྒོར་ཐེར་འབུམ་བཅུ་ཟིན་གྱི་ཡོད་པ་གསལ་བསྒྲགས་བྱས་ཤིང༌། དེ་ནི་འཛམ་གླིང་ནང་ཁྲིམས་འགལ་གྱི་ནག་ཚོང་ཆེ་ཤོས་ཨང་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད། དཔེར་ན་རི་དྭགས་བསེ་རུའི་ར་ཅོ་གྷེ་རིམ་ཉིས་སྟོང་ལ་ཨ་སྒོར་ ༡༢་༥༠༠ དང་ཞིམ་བུ་རིགས་ཡིན་པ་ཨོ་སི་ལོ་ཊི་ཞེས་པའི་སྲོག་ཆགས་དེའི་པགས་པར་ཨ་སྒོར་བཞི་ཁྲི་ཙམ་དང༌། བོད་ཀྱི་རི་དྭགས་གཙོད་ཀྱི་ཁུ་ལུས་ཐོན་སྐྱེད་བྱས་པའི་གཟན་གོས་རིགས་ལ་ཨ་སྒོར་ ༣༠༠༠ ནས་༡༥༠༠༠ བར་བྱེད་ཀྱི་ཡོད་པ་རེད་ལ། དེ་བཞིན་སྟག་གི་རུས་པ་དང་པགས་པ་སོགས་རིན་གོང་ཧ་ཅང་ཆེན་པོའི་ཐོག་ནག་ཚོང་ཁྲོམ་རའི་ནང་ཉོ་ཚོང་བྱེད་ཀྱི་ཡོད། བོད་སྨན་ནང་ལ་ཡང་ཕལ་ཆེར་སྲོག་ཆགས་རིགས་བརྒྱ་མིན་ཙམ་གྱི་ཆ་ཤས་དགོ་མཁོ་ཆེན་པོ་ཡོད་པ་དང་དེའི་ནང་སྟོངས་ལ་ཉེའི་རི་སྐྱེས་སྲོག་སྟག་དང༌། དོམ། གླ་བ། འབྲོང༌། གཟིག ཤ་བ། བསེ་རུ། གླང་ཆེན། གཙོད་སོགས་ཀྱི་ལུས་ཀྱི་ཆ་ཤས་རིགས་དགོས་མཁོ་ཧ་ཅང་ཆེ་བས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་དང་སྲུང་སྐྱོབ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། གོང་གསལ་གྱི་གནས་དོན་དེ་དག་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་དག་མུ་མཐུད་དུ་རྩ་སྟོངས་སུ་འགྲོ་བཞིན་ཡོད། དེ་ཡང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་སྐྱེ་དངོས་དང་སྲོག་ཆགས་རིགས་གཅིག་ཁོ་ན་མིན་པར་དགོས་ངེས་ཅན་གྱི་རྩི་ཤིང་དང་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་རྒྱུན་བསྲིང་བྱེད་རྒྱུ་དེ་ཡིན། འཛམ་གླིང་གླིང་ཆེན་ཁག་ཏུ་སྐྱེ་དངོས་དང་སྲོག་ཆགས་སྲུང་སྐྱོབ་ཀྱི་ས་ཁུལ་དག་ཆ་སྙོམས་དང་ཚད་ལྡན་གྱི་མཐུན་རྐྱེན་མེད་པས། སའི་གོ་ལའི་ས་ཁྱོན་ཡོངས་ཀྱི་བརྒྱ་ཆ་དྲུག་ཙམ་ལས་སྐྱེ་དངོས་སྲུང་སྐྱོབ་ས་ཁུལ་མེད་ཅིང༌། འཛམ་གླིང་རང་བྱུང་སྲུང་སྐྱོབ་ལྷན་ཚོགས་གཙོས་པའི་གཞུང་དང་འབྲེལ་ཡོད་ཚོགས་སྡེ་དག་གི་སྐྱེ་ཁམས་ཁོར་ཡུག་བདག་གཅེས་དང་སྐྱེ་དངོས་དང་སྲོག་ཆགས་རིགས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བརྒྱབ་དང་རྒྱག་བཞིན་ཡོད།

དུས་རབས་ཉི་ཤུ་པའི་དུས་མཇུག་ནས་བཟུང་སྤྱིར་འཛམ་གླིང་ནང་དཔལ་འབྱོར་དང་ཚན་རྩལ་ཡར་རྒྱས་ཆེས་མྱུར་པོ་ཕྱིན་པ་དང་བསྟུན། བོད་མི་རྣམས་ལ་སྔར་མེད་པའི་འགྲན་རྩོད་དང་འདོད་རྔམས་ཀྱི་གཤིས་སྤྱོད་གསར་པ་ཞིག་རྒྱུད་ལ་སྐྱེས་ཏེ་དམིགས་བསལ་སྲོག་ཆགས་སྤྱི་དང་བྱེ་བྲག་རི་སྐྱེས་སྲོག་ཆགས་སོགས་ཀྱི་ལུས་པོའི་ཆ་ཤས་ལ་དཔལ་འབྱོར་གྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པས། དེ་དག་གི་ཤ་དང༌། པགས་པ། རུས་པ་སོགས་ལུས་ཀྱི་ཆ་ཤས་དག་རང་ཉིད་ཀྱི་ལོངས་སྤྱོད་དང༌། གཞན་ལ་ཉོ་ཚོང་དང་འབྲེལ་བོད་རང་གི་སྲོག་ཆགས་ཙམ་མ་ཡིན་པ་རྒྱལ་ཁབ་གཞན་གྱི་སྲོག་ཆགས་ཀྱི་འཚོ་གནས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།།

ཐེངས་ 42668 བཀླགས་འདུག