Donate

རེ་ཁེ་ཀརྨ་བསམ་འགྲུབ་ཀྱི་རྩོམ་ཡིག

དེ་བཞིན་ཆུ་བོ་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་དྲུང་ཡིག་རེ་ཁེ་ཀརྨ་བསམ་འགྲུབ་ལགས་ཀྱི་དཔྱད་རྩོམ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གནད་དོན་འགའ་གླེང་བ་ཞེས་པ་ལས།

“སྟག་གཟིག་པགས་པ་གོང་ཤན་དུ་རྒྱག་པའི་གོམས་སྲོལ་ལ་མ་མཐའ་ཡང་ལོ་སྟོང་ཕྲག་གཅིག་གཉིས་ལྷག་གི་ལོ་རྒྱུས་ཡོད་པ་རེད། སྲོང་བཙན་སྒམ་པོའི་དུས་སུ་དཔའ་བོ་དང་སྡར་མའི་དབྱེ་འབྱེད་ཆེད། དཔལ་ཚན་དྲུག་ཅེས་སྟག་གཟིག་གི་གོང་ཤན་རྒྱག་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བྱས་རྗེས་བླ་མེད་བཞག་པའི་དཔའ་བོ་ལ་དམིགས་བཀར་གྱིས་སྤྲད་པའི་དཔའ་རྟགས་ཤིག་ཡིན། འོན་ཏེ་ཆེད་དུ་ཤེས་དགོས་པ་ཞིག་ནི། སྐབས་དེའི་གོང་ཤན་ནི་དེང་སང་ལྟར་སྟག་ལྤགས་ཧྲིལ་པོ་དང་བཅས་གདོང་མདུན་དུ་འགེལ་བ་སོགས་འདི་འདྲ་ཞིག་ནི་གཏན་ནས་མིན་པར། སོར་བཞི་ཙམ་གྱི་ཞེང་ཚད་ཙམ་ཡིན་ཞིང༌། དེ་ཡང་གོང་ཤན་ཙམ་མ་གཏོགས་ད་ལྟ་བཞིན་སྟག་གཟིག་བུབས་གཅིག་ལུས་སྟེང་དུ་གོན་ཏེ། དགའ་སྟོན་དང་དུས་ཆེན་གྱི་གར་སྟེགས་སྟེང་གཟི་བརྗིད་དང་བཅས་ཏེ་འཕྱོར་སྤྲས་ཤོམ་ལྭ་འགྲན་བསྡུར་བྱེད་པའི་སྲོལ་ནི་ག་ལ་ཡོད། དེ་ཡང་དོན་ཐོག་ནས་བཤད་ན། ཉེ་ཆར་ཁམས་པའི་སྒྱུ་རྩལ་དུས་སྟོན་ཞེས་པའི་བོད་ལྗོངས་ཀྱི་ཆབ་མདོ་ས་ཁུལ་དང་ནག་ཆུ་ས་ཁུལ། སི་ཁྲོན་གྱི་དཀར་མཛེས་ས་ཁུལ། ཡུན་ནན་གྱི་བདེ་ཆེན་ཁུལ། མཚོ་སྔོན་གྱི་ཡུལ་ཤུལ་ས་ཁུལ་བཅས་ཀྱིས་ལོ་རེ་ལ་ཁུལ་སྲིད་གཞུང་གིས་བཙུགས་པའི་དགའ་སྟོན་རྟེན་འབྲེལ་སྐབས་མང་ཚོགས་ལ་སྐུལ་སློང་བྱས་ཏེ། འཕྱོར་ལྭ་དང་ཤོམ་ལྭ་གྲ་སྒྲིག་བཟོ་དགོས་པ་སོགས་ཀྱི་འཆར་གཞི་བཟོས་པ་དེ་ནི། སྟག་གཟིག་པགས་རིགས་སོགས་ཀྱི་གྱོན་ཆས་ལྷག་པར་དུ་དར་བའི་གནད་དོན་གྱི་གཙོ་བོར་ཐུག་ཡོད། བཅིངས་གྲོལ་ཡར་སྔོན་དུ་བོད་ཀྱི་ས་ཁུལ་སྟག་གཟིག་གི་པགས་ཤན་བརྒྱབ་པ་རེ་འགའ་ཡོད་ཀྱང༌། དེང་སང་བཞིན་རྒྱ་ཁྱབ་ཏུ་དར་བའི་གནས་ཚུལ་འདི་འདྲ་བྱུང་མེད། དེའི་ཕྱིར་ཁུལ་སྲིད་གཞུང་དང་རྫོང་རིམ་པའི་སྡེ་ཁག་བཅས་ལ་འགན་ཁུར་ཡོད། ཆེས་ཡ་མཚར་བ་ཞིག་ནི་གོང་དུ་བཤད་པའི་སྟག་ལྤགས་གཟིག་ལྤགས་སོགས་ཀྱི་གྱོན་ཆས་སྤྲས་པའི་བརྙན་དཔར་མང་པོ་ཞིག་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་ཐོག་ཏུ་འཁོད་དེ་“མི་རིགས་གྱོན་ཆས་”ཞེས་གང་སར་བཀྲམ་ཡོད་པ། དཔེར་ན། ཀྲུང་གོའི་བོད་ལྗོངས དང་ པོ་ཏ་ལ་ བོད་ལྗོངས་ཡུལ་སྐོར བོད་ཀྱི་རྩོམ་རིག་སྒྱུ་རྩལ མཚོ་སྔོན་མང་ཚོགས་སྒྱུ་རྩལ སོགས་དུས་དེབ་ཅི་རིགས་ཤིག་ཏུ་གཟི་བརྗིད་དང་བཅས་བཀོད་ཡོད། སྐྱེ་ཁམས་ཁོར་ཡུག་གི་ཤེས་བྱ་ལ་རྨོངས་པའི་རྩོམ་སྒྲིག་པ་ཚོ་ལ་འགན་ཁུར་ཡོད་ལ་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་ངོས་ཟིན་དགོས། ང་རང་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོས་མོལ་ཚོགས་འདུའི་སྟེང་ཞུགས་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་འགས་ང་ལ་འདི་ལྟར་དྲི་བ་དྲིས་བྱུང༌། ཁྱེད་ཚོ་བོད་པ་རྣམས་སྟག་གཟིག་གསའ་སྲམ་སོགས་བེད་སྤྱོད་གཏོང་མཁན་འཛམ་གླིང་སྟེང་ཨང་དང་པོ་རེད། ཅི་ཞིག་ལ་དེ་འདྲ་དགའ་བོ་བྱེད་ཀྱི་ཡོད་ཅེས་དྲིས་བྱུང་བས། ངས་ཅི་བྱ་གཏོལ་མེད་ཀྱིས་དངོས་གནས་རེད། དངོས་གནས་རེད་ཟེར་བ་ལས་ལན་འདེབས་རྒྱུ་མི་འདུག

རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་སྟག་གཟིག་སོགས་ཀྱི་པགས་པ་ཚོང་རྒྱག་མི་ཆོག་མོད། འོན་ཏེ། སྟག་གཟིག་གི་པགས་ཤན་བརྒྱབ་ཚར་བའི་གྱོན་ཆས་ཚོང་ཁང་དུ་ཅི་འདྲ་ཡོད་ནའང༌། ཚོང་རྒྱག་ཆོག་པ་མ་ཟད་དེ་ལ་འགན་འཛིན་གྱི་ལས་ཀ་དང་ཁྲིམས་ལུགས་གང་ཡང་མེད་པ་ཞིག་ཡིན་པས། བོད་ཡུལ་གང་སར་སྟག་གཟིག་གི་པགས་ཤན་བརྒྱབ་ཡོད་པའི་གྱོན་ཆས་གསར་པ་གང་སར་མཐོང་ཐུབ། འཛམ་གླིང་སྟེང་ད་ལྟ་སྟག་ཡོད་པའི་རྒྱལ་ཁབ་ཇེ་ཉུང་དང་ཇེ་ཉུང་ཡིན་ལ། ཨེ་ཤི་ཡ་ལ་མཚོན་ནའང་རྒྱ་གར་དང༌། མིན་ཅ་ལ། བལ་པོ། རང་རྒྱལ་བཅས་རེ་འགའ་ཞིག་ལས་མེད་ཅིང༌། དེ་དག་ལས་རྒྱ་གར་དང་མིན་ཅ་ལ་མ་གཏོགས་གྲངས་ཀ་ཤིན་ཏུ་ཉུང༌། དེ་ཡང་མཐར་ཐུག་ནས་སྟག་ལྤགས་དེ་རིན་གོང་ཆེ་བས། ཚང་མ་བསད་ཚར་བ་རེད། ཚོད་དཔག་བྱས་པ་ཡིན་ན། ད་ལྟ་ཡང་རྒྱ་གར་དུ་ཉིན་རེར་སྟག་རེ་གསོད་ཀྱིན་ཡོད་པར་ཤེས། སྔོན་མ་ཡིན་ན་སྟག་གཟིག་སོགས་པགས་རིགས་ཀྱི་ཚོང་འདྲེན་ནི་ཕྱི་ཕྱོགས་ཉོ་ཚོང་ཀུང་ཟི་བརྒྱུད་དེ་ཚོང་གིན་ཡོད། ད་ལྟ་དེ་ལྟར་མེད་ཀྱང༌། འོན་ཏེ་བོད་ལྗོངས་དང་མཚོ་སྔོན། ལེན་ཤྭ། ཤི་ཅང་བཅས་སུ་ད་དུང་ཡང་ཚོང་ཁང་དུ་བཙོང་ཆོག་པའི་ཕྱི་ཚོང་ཀུང་ཟིའི་དཔང་ཡིག་ཡོད་པས་ཅི་དགར་དུ་བཙོང་ཆོག ན་ནིང་ངས་ཤེས་གསལ་ལ་ཤེན་ཅང་གི་ས་ཆ་ལ་ལར་གོང་རིམ་གྱི་འགོ་ཁྲིད་ཚོ་ལ་རྔོན་རྒྱག་སའི་རྩ་ར་དང་ནགས་ཚལ་ཡོད་”ཅེས་སོགས་འཁོད་ཡོད་པ་རེད།

ཐེངས་ 42193 བཀླགས་འདུག