Donate

རྒྱ་གཞུང་གིས་མདོ་དབུས་མཐོ་སྒང་དུ་རྒྱལ་ཁབ་ཀྱི་སྤྱི་གླིང་བསྐྲུན་འཆར་ཡོད་པ།

རྒྱ་གཞུང་གིས་མདོ་དབུས་མཐོ་སྒང་དུ་རྒྱལ་ཁབ་ཀྱི་སྤྱི་གླིང་བསྐྲུན་འཆར་ཡོད་པ།

རྒྱལ་ནང་གསར་ལམ་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་གོས་མདོ་དབུས་མཐོ་སྒང་དང་ཉེ་འཁོར་གྱི་རི་ལུང་ཀུན་རྒྱ་ཆེ་བའི་རྒྱལ་ཁབ་སྤྱི་གླིང་ཞིག་ཏུ་བསྒྱུར་ཏེ། “འཛམ་གླིང་གི་ཆེས་མཐའ་མའི་དྭངས་གཙང་གི་ཡུལ་གྲུ་” སྲུང་སྐྱོང་བྱ་རྩིས་ཡོད་པ་དང་། གནས་ཚུལ་འདི་ནི་ལས་གཞི་འདིའི་འབྲེལ་ཡོད་ཚན་རིག་པས་བཤད་པ་ཞིག་རེད། “འཛམ་གླིང་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་” གི་ཁྱབ་ཁོངས་གཙོ་བོ་ནི་བོད་ལྗོངས་དང་མཚོ་སྔོན་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་བྱེ་བ་༢དང་འབུམ་༥ལས་བརྒལ་ཡོད་པས། དེ་ནི་བྱང་ཤར་གྱི་གེ་ལེ་ལན་ཏའོ་རྒྱལ་ཁབ་སྤྱི་གླིང་ལས་ཆེས་ཆེར་བརྒལ་ཏེ་འཛམ་གླིང་གི་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་འགྱུར་རྒྱུ་ཡིན་པ་རེད།  ད་ལོའི་དབྱར་ཁར་ཀྲུང་གོའི་སྲིད་གཞུང་གིས་མདོ་དབུས་མཐོ་སྒང་དུ་གཞི་རྒྱ་ཆེ་བའི་ཚན་རིག་རྟོག་ཞིབ་ལས་དོན་སྤེལ་རྒྱུ་ཡིན་པ་དང་། རྟོག་ཞིབ་ཁྲོད་ཀྲུང་གོའི་ཚན་རིག་པ་ལས་གཞན་ད་དུང་བལ་བོ་དང་ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་ཚན་རིག་པ་ཞུགས་ཡོད་པ་རེད། རྟོག་ཞིབ་ལས་དོན་འདིར་གྲ་སྒྲིག་བྱེད་བཞིན་པའི་ཞིབ་འཇུག་མི་སྣས་བརྗོད་པ་ལྟར་ན། རྒྱལ་ཁབ་སྤྱི་གླིང་གསར་བ་འདིའི་མཐའ་མཚམས་དབྱེ་འབྱེད་གཏན་འབེབ་བྱ་རྒྱུ་ནི་ཐེངས་འདིའི་རྟོག་ཞིབ་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།  ཡིན་ནའང་། ལས་གཞི་དེ་ལག་བསྟར་རུང་མིན་གྱི་ཐད་ལ་ཡང་ཐེ་ཚོམ་ཆེན་པོ་ཡོད་པ་དང་། ཀྲུང་གོ་ཚན་རིག་ཁང་མདོ་དབུས་མཐོ་སྒང་ཞིབ་འཇུག་སྡེའི་དགེ་རྒན་ཆེ་མོ་བ་ལིའུ་ཅིན་ཧྲི་ཡིས། ཨ་རིས་ལོ་བཅུ་ཕྲག་ཁ་ཤས་སྤྱད་ནས་ད་གཟོད་འཛམ་གླིང་གི་རྒྱལ་ཁབ་སྤྱི་གླིང་ཐོག་མ་དེ་ཇི་ལྟར་དོ་དམ་བྱེད་དགོས་པ་འཚོལ་ཞིབ་ཐུབ་པ་དང་། ཀྲུང་གོའི་ད་ལྟའི་རྒྱལ་ཁབ་སྤྱི་གླིང་འདི་ནི་སྔ་མའི་ལྡབ་༢༥༠ཡིན་པ་མ་ཟད། རང་བྱུང་ས་དབྱིབས་རྙོག་འཛིང་ཧ་ཅང་ཆེ་བས་བསྐྲུན་རྗེས་དོ་དམ་བྱེད་ཁག་པོ་ཡོད་པ་བསྟན་འདུག  མི་འཚོ་གནས་བྱས་མེད་པའི་གེ་ལེ་ལན་ཏའོ་དང་མི་འདྲ་བར། མདོ་དབུས་མཐོ་སྒང་དུ་གྲོང་ཁྱེར་དང་ཞང་གྲོང་། འབྲོག་སྡེ་སོགས་མང་པོ་ཡོད་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་དམིགས་ཡུལ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་མོད། འོན་ཀྱང་དེས་དཔལ་འབྱོར་བྱ་འགུལ་མང་པོར་ཚད་བཀག་ཐུབ་པ་མ་ཟད་སྡོད་དམངས་ཁ་ཤས་གནས་སྤོ་ཡང་བྱེད་དགོས་པས། ཞིབ་འཇུག་མི་སྣས་སྤྱི་གླིང་འཛུགས་མིན་ནི་གཅིག་བྱས་ན་ཚན་རིག་གི་ཁྱབ་ཁོངས་ལས་བརྒལ་ཡོད་པར་ངོས་འཛིན་བྱས་ཡོད་པ་དང་། དེ་མིན་མདོ་དབུས་མཐོ་སྒང་དུ་ད་རུང་རང་བྱུང་ཐོན་ཁུངས་མོད་པོ་ཡོད་པས། རྒྱལ་ཁབ་སྤྱི་གླིང་བཙུགས་པའི་དབང་དུ་བཏང་ན་གཏེར་འདོན་ལས་ཀ་མང་ཆེ་བའམ་ཡང་ན་ཚང་མ་མཇུག་འགྲིལ་དགོས་ཀྱི་ཡོད་པ་རེད།  ཡིན་ནའང་ཀྲུང་གོའི་སྲིད་གཞུང་གིས་འདིའི་ཐད་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། འགོ་ཁྲིད་པས་མཐོ་དབུས་མཐོ་སྒང་སྲུང་སྐྱོབ་ལ་སྐུལ་ལྕག་བྱེད་ཀྱི་ཡོད་པ་མ་ཟད་འདི་ནི་ལྡོག་ཐབས་མེད་པའི་ཁོར་ཡུག་དང་སྣོད་བཅུད་སྲུང་སྐྱོང་གི་ལས་འགན་ཞིག་ཏུ་བརྩིས་ཡོད། རྒྱལ་ནང་གི་ཆུ་མཁོ་སྤྲོད་སྲུང་སྐྱོབ་བྱེད་ཆེད་ཀྲུང་གོས་མཚོ་སྔོན་དུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་བསྐྲུན་ཟིན་པ་རེད། “སྣེ་གསུམ་པའི་ཁོར་ཡུག་འཆར་གཞིའི་” ཞིབ་འཇུག་ནང་ཞུགས་མཁན་ཞིབ་འཇུག་མི་སྣས། མདོ་དབུས་མཐོ་སྒང་དེ་རྒྱལ་ཁབ་སྤྱི་གླིང་དུ་བསྐྲུན་པ་ཡིན་ན་མཐའ་འཁོར་རྒྱལ་ཁབ་ཀྱི་ཆུ་མཁོ་འདོན་བྱེད་པའི་སེམས་ཁྲལ་ཆུང་དུ་གཏོང་བར་ཕན་པ་ཡོད་པ་མ་ཟད་ “རྒྱུད་གཅིག་ལམ་གཅིག་” གི་གྲོས་འགོ་ལག་བསྟར་ཐུབ་རྒྱུར་ཡང་ཕན་པ་ཡོད་ཅེས་བསྟན་ཡོད།  དཔལ་འབྱོར་བྱ་འགུལ་གྱིས་ས་ཁུལ་དེའི་ཉམས་ཞན་ཁོར་ཡུག་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དང་། ས་ཁུལ་ལ་ལར་ཐོན་ཁུངས་སྔོག་འདོན་བྱས་པ་དང་ཕྱུགས་འཚོ་སྐྱོང་བྱས་པ་ཚད་ལས་བརྒལ་བས་རྩྭ་ས་ཞན་འགྱུར།” སྲིད་གཞུང་གིས་བོད་ལྗོངས་ཀྱི་རང་བྱུང་ཐོན་ཁུངས་ནི་འཐབ་ཇུས་གསོག་འཇོག་ཏུ་ཉར་ཚགས་བྱེད་རྒྱུ་ཐག་བཅད་ཡོད” ཅེས་དང་” བུ་རབས་ཚ་རྒྱུད་ཀྱིས་ང་ཚོས་ད་ལྟ་སྒྲུབ་བཞིན་པའི་བྱ་བར་ཐུགས་རྗེ་ཆེ་ཞུ་སྲིད་” ཅེས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སྡེའི་ཞིབ་འཇུག་པ་ཝང་ཧྲི་ཕིང་གིས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

 

ཐེངས་ 427158 བཀླགས་འདུག