Donate

རྒྱ་གཞུང་གིས་རྒྱ་ཚྭ་རྫོང་ཆུ་ཤུགས་གློག་ཁང་དངོས་སུ་བཏང་བར་རྒྱ་གར་གྱིས་སེམས་འཚབ་བྱས།

ཉིན་ཤས་སྔོན་རྒྱ་ནག་གཞུང་གིས་ལྷོ་ཁ་རྒྱ་ཚྭ་རྫོང་རྫམ་ཆུ་ཤུགས་གློག་ཁང་གྲུབ་ནས་གློག་དངོས་སུ་གཏོང་རྒྱུ་ཕྱིར་བསྒྲགས་བྱས་པར་རྒྱ་གར་གཞུང་གིས་སེམས་ཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག

01ཟླ་འདིའི་ཚེས་ ༡༣ ཉིན་རྒྱ་ནག་ཧུའུ་པེ་ཞིང་ཆེན་ཝུ་ཧན་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་གློག་འདོན་ཆུ་མཛོད་ལས་འཆར་ཚོང་གཉེར་ཚོགས་པ་ཀེ་ཀྲུའུ་པཱ་ (China Gezhouba Group) ཡིས། ཨ་སྒོར་ཐེར་འབུམ་གཅིག་དང་ཕྱེད་ཀ་ལྷག་གིས་འགྲོ་སོང་བཏང་ནས་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་རྒྱ་ཚྭ་རྫོང་རྫམ་གྲོང་ཚོ་ཁུལ་དུ་རྒྱུ་བའི་ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་བརྒྱབ་སྟེ། ད་ཆ་དངོས་སུ་ལས་འཆར་མཇུག་བསྒྲིལ་ནས་གློག་གི་ནུས་པ་འདོན་རྒྱུའི་གསལ་བསྒྲགས་བྱས་ཡོད་སྟབས། དེར་རྒྱ་གར་གཞུང་གིས་སེམས་ཚབ་ཡོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་འདུག

གནད་དོན་དེའི་ཐད་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཤིག་གིས་རྒྱ་གར་དུས་བབ་ཐོག རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་མཛོད་གསར་རྒྱག་མཇུག་བསྒྲིལ་ཏེ། ད་ལན་དངོས་སུ་གློག་མཁོ་འདོན་བྱེད་མགོ་བཙུགས་ཡོད་སྟབས། རྒྱ་གར་ནང་ཆུ་བོའི་རྒྱུག་ཤུགས་ཉུང་དུ་ཕྱིན་ནས་ཨཱ་རུ་ཎཱ་ཅཱལ་མངའ་སྡེ་ནང་གསར་རྒྱག་བྱེད་བཞིན་ཡོད་པའི་ཆུ་མཛོད་གསར་རྒྱག་གི་ལས་གྲྭར་གནོད་སྐྱོན་ཐེབས་སྲིད་པ་ཞིག་རེད་ཅེས་བརྗོད་ཡོད་སྟབས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་གྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ང་ཚོས་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཐུག་འཕྲད་བྱེད་སྐབས། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་རྒྱུག་ཆུའི་གནད་དོན་ཐོག་གྲོས་མོལ་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ད་ལྟ་ཕྱོགས་གཉིས་ཀྱི་རིགས་གཅིག་མཁས་དབང་ཕན་ཚུན་བར་ལའང་འབྲེལ་བ་ཟབ་མོ་བྱེད་མུས་ཡིན། ང་ཚོས་རྒྱ་གར་གཞུང་གི་སེམས་ཚབ་ལ་བསམ་གཞིགས་བྱས་ཏེ། རྒྱ་གར་ཕྱོགས་ལ་གཙང་ཆུའི་དཔྱད་གཞི་སྤྲོད་པ་དང་ཛ་དྲག་གནས་ཚུལ་ཐོན་སྐབས་དོ་དམ་གང་འདྲ་བྱེད་དགོས་མིན་གྱི་ཤེས་བྱ་མཁོ་སྤྲོད་བྱེད་བཞིན་ཡོད་པར་བརྟེན། དེས་རྒྱ་གར་གྱི་ཆུ་གཞུང་ས་ཁུལ་ཁག་ཏུ་ཆུ་ལོག་སྔོན་འགོག་དང་རྐྱེན་ངན་གོད་ཆག་སེལ་རྒྱུར་ཕན་ཐོགས་ཆེན་པོ་འཐོན་རྒྱུ་མ་ཟད། ད་ལྟ་རྒྱལ་ཁབ་གཉིས་བར་ལ་ཆུ་བོའི་གནད་དོན་ཐོག་གོ་བསྡུར་བྱས་ནས་མཇུག་འབྲས་བཟང་པོ་ཐོན་བཞིན་ཡོད་སྟབས། ཁྱིམ་མཚེས་རྒྱལ་ཁབ་ཀྱིས་སེམས་ཁྲལ་དེ་འདྲ་བྱེད་དགོས་དོན་མེད་ཅེས་བརྗོད་འདུག

རྒྱ་གར་གཞུང་གིས་རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་བརྒྱབ་པའི་ཆུ་མཛོད་དང་གློག་ཁང་ཁག་གིས་གསོག་འཇོག་བྱེད་བཞིན་ཡོད་པའི་ཆུ་བེད་བརྟན་པོ་ཉར་འཇོག་ཐུབ་རྒྱུ་ཁག་པོ་ཡིན་པ་མ་ཟད། མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་འཁྲུག་རྩོད་འབྱུང་ཚེ་རྒྱ་ནག་གཞུང་གིས་ཆུ་རགས་གློད་དེ། རྒྱ་གར་ནང་ཆུ་ལོག་གི་གནོད་སྐྱོན་ཐེབས་བཅུག་སྲིད་པ་ཞིག་ཡིན་པའི་སེམས་ཚབ་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་རྒྱ་གར་གཞུང་གི་རིགས་གཅིག་མཁས་དབང་གི་ཚོགས་པ་ཞིག་གིས། རྒྱ་ནག་གཞུང་གིས་གསར་རྒྱག་བྱེད་བཞིན་ཡོད་པའི་ཡར་ཀླུང་གཙང་པོའི་ཆུ་རགས་ཁག་ལ་རྟོག་ཞིབ་བྱས་པ་བརྒྱུད། ཆུ་རགས་དེ་དག་གིས་རྒྱ་གར་ནང་གི་ཆུའི་འབྱུང་ཁུངས་ཉུང་དུ་འགྲོ་རྒྱུ་ཡིན་པའི་གྲུབ་དོན་སྙན་ཐོ་བཏོན་ཡོད་པ་མ་ཟད། རྒྱ་གར་གྱི་ས་མཚམས་མ་སླེབ་གོང་གི་ཀི་ལི་མི་ཌར་ ༥༥༠ ཙམ་དུ་ཆགས་པའི་ལྷོ་ཁ་ས་ཁུལ་རྒྱ་ཚྭ་རྫོང་ཁོངས་ཀྱི་རྫམ་དང་ཇེ་ཞའོ་(Jiexu)། ཇཱ་ཁྲ་(Jiacha) བཅས་སུ་ཆུ་རགས་བརྒྱབ་ཡོད་པ་གསལ་སྟོན་བྱས་ཡོད།

03འདས་པའི་ལོ་ཤས་རིང་རྒྱ་གར་གཞུང་གིས་རྒྱ་ནག་ལ་ཚོར་ཤུགས་དྲག་པོའི་ཐོག་ནས་གནད་དོན་དེ་དག་གླེང་སློང་བྱས་ཡོད་སྟབས། རྒྱ་ནག་གཞུང་གིས་ ༢༠༠༨ དང་ ༢༠༡༠ ལོར་བཞག་པའི་རྒྱལ་ཁབ་གཉིས་བར་གྱི་ཆུ་བོའི་གྲོས་མཐུན་ལ་བསྐྱར་ཞིབ་བྱས་ཏེ། ལོ་རེའི་ཟླ་ ༥ པ་ནས་ ༡༠ པ་བར་རྒྱ་གར་གཞུང་ཕྱོགས་ལ་ཡར་ཀླུང་གཙང་པོའི་བརྒྱུད་དུ་ཆུ་ལོག་གི་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་མོས་མཐུན་བྱས་ཡོད་ཀྱང་། ཆུ་རགས་ག་ཚོད་གསར་རྒྱག་བྱས་པ་དང་ཆུ་བོ་ག་ཚོད་རྒྱ་ནག་ནང་དུ་ཁ་ལོ་བསྒྱུར་འཆར་ཡོད་མེད་ཐད་གང་ཡང་བརྗོད་མེད་སྟབས། གལ་སྲིད་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོ་ཁ་བསྒྱུར་བཏང་ཚེ། ཨཱ་རུ་ཎ་ཅཱལ་མངའ་སྡེའི་ཆུ་རགས་གསར་རྒྱག་གི་ལས་གྲྭ་ཁག་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་རེད།

རྒྱ་ནག་གཞུང་གཉེར་ཧྭ་ལིན་ཁེ་ལས་ཁང་ (中国华能集团公司) གིས་མ་རྩ་བཙུགས་ནས་བཟོ་བསྐྲུན་བྱས་པའི་རྫམ་ཆུ་རགས་ཆེན་མོ་ནི། ཡར་ཀླུང་གཙང་པོའི་སྟེང་འཆར་བཀོད་ལྟར་འཛུགས་སྐྲུན་བྱས་པའི་ཆུ་ཤུགས་གློག་ཁང་ ཆེད་བསྐྲུན་པའི་ཆུ་རགས་བཟོ་བཀོད་དང་པོ་དེ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༤ ཟླ་༡༡ ཚེས ༢༣ ཉིན་གློག་ཁང་གི་འཕྲུལ་ཆས་ཐོག་མ་ནས་གློག་གཏོང་འགོ་ཚུགས་ཡོད་པ་རེད།  རྫམ་ཆུ་ཤུགས་གློག་ཁང་ནི་བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་འཆར་གཞི་བཅུ་གཅིག་ པ་དང་བཅུ་གཉིས་པའི་འཆར་འགོད་ཀྱི་གཙོ་གནད་ནུས་ཁུངས་ཀྱི་རྣམ་གྲངས་ཤིག་ཡིན་ སྟབས། གློག་ཁང་དེ་བོད་ཀྱི་གློག་ཤུགས་འཛུགས་སྐྲུན་ལོ་རྒྱུས་ཐོག་སྟོང་ཝྭ་ (kilowatts) ཁྲི ༡༠ ནས ༥༠ བར་གྱི་ཚབ་མཚོན་ཐུབ་པའི་ཆུ་ཤུགས་གློག་ཁང་ཆེ་གྲས་ཤིག་ཡིན་པ་མ་ཟད།  འདས་ལོའི་ཕྱི་ཟླ ༡༢ པའི་ཟླ་དཀྱིལ་དུ་འཕྲུལ་ཆས་ཨང་གཉིས་པ་ནས་གློག་གཏོང་མགོ་བཙུགས་ཡོད་པ་དང་། ཁ་ཉིན་འཕྲུལ་ཆས་དྲུག་པ་བེད་སྤྱོད་གཏོང་རྒྱུ་ཕྱིར་བསྒྲགས་བྱས་ཡོད་པ་རེད།

02གློག་ཁང་འདི་ནི་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་བསྐྲུན་པའི་ཆུ་ཤུགས་གློག་ཁང་ཐོག་མ་དེ་ཡིན་ཞིང་།  གློག་ཁང་དེའི་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད ༣༣༠༠ ཡན་གྱི་ལྷོ་ཁ་ས་ཁུལ་རྒྱ་ཚྭ་རྫོང་ཁོངས་སུ་ཡོད་པ་མ་ཟད། ཆུ་རགས་ཀྱི་རགས་ཆེ་ཤོས་ཀྱི་མཐོ་ཚད་ལ་མི་ཌར་ ༡༡༦ (Meter) ཡོད་ཅིང་། ཆུ་རགས་ཀྱི་ཤོང་ཚད་ལ་མི་ཌར་གྲུ་བཞི་མ་ ( Cubic meter) དུང་ཕྱུར་ ༠.༨༦༦ ། འཕྲུལ་འཁོར་གྱི་བོངས་ཚད་ནི་སྟོང་ཝྭ་ (kilowatts) ཁྲི་༥༡ ཡིན་ལ། མ་རྩར་རྒྱ་སྒོར་དུང་ཕྱུར ༩༦ བཏང་ཡོད་པ་ལས་མ་རྩའི་མང་ཤོས་རྒྱ་ནག་དབུས་གཞུང་གིས་བཏོན་ཡོད་འདུག སྟོང་ཝྭ་(kilowatts) རེ་རེའི་གློག་འདོན་འཕྲུལ་འཁོར་གྱི་བོངས་ཚད་ཀྱི་མ་རྩ་ནི་ མི་དམངས་ཤོག་སྒོར་༡༩༢༠༠ ཡིན་པ་མ་ཟད། སྤྱིའི་འགྲོ་གྲོན་ལ་འགྲོ་སོང་ཆེན་པོ་བཏང་ཡོད་སྟབས། འབྲི་ཆུ་འགག་གསུམ་གྱི་ཆུ་རགས་ཆེན་མོའི་མ་རྩའི་ལྡབ་གཉིས་གནས་ཡོད་པ་རེད། འཆར་གཞི་ལྟར་ན་གློག་ཁང་དེས་ལོ་རེར་གློག་གཏོང་ཚད་སྟོང་ཝྭ་དུང་ཕྱུར ༢༥ ཟིན་རྒྱུ་ཡིན་པ་མ་ཟད། ད་ལྟའི་ཆར་བོད་ཀྱི་ཆུ་ཤུགས་གློག་ཁང་ཆེ་ཤོས་དེ་ཡང་ཆགས་ཡོད་པ་རེད།

རྒྱ་རིགས་རྩོམ་པ་པོ་ཝང་ཝི་ལོའུ་ལགས་ཀྱི་ཆེད་རྩོམ་ ༼ཆུ་རྩོད་འཐབ་འཁྲུག་གི་དུང་བརྡ་དང་པོ། རྫམ་ཆུ་རགས་ཆེན་མོ།༽ ཞེས་པའི་ནང་། ༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་ལྗོངས་ས་ཁུལ་དུ་ཆུ་ཤུགས་གློག་ཁང་དང་ཆུ་མཛོད་ཆུ་རགས་སོགས་བསྐྲུན་ཚེ། བོད་མདོ་དབུས་མཐོ་སྒང་གི་སྐྱེས་ཁམས་ཁོར་ཡུག་ལ་ཟློག་ཐབས་བྲལ་བའི་ཕུགས་སྐྱོན་དང་གནོན་འཚེ་ཐེབས་རྒྱུ་ཡིན་སྐོར་སྐྱོན་བརྗོད་ཤུགས་ཆེན་གནང་ཡོད་སྟབས། རྒྱ་ནག་གཞུང་གིས་ད་བར་གཞི་རྒྱ་ཆེ་བའི་ཆུ་མཛོད་དང་ཆུ་རགས་གསར་རྒྱག་བྱས་མེད་ཀྱང་། ད་ལྟ་རྫམ་ཆུ་ཤུགས་གློག་ཁང་གིས་གློག་ཐོན་སྐྱེད་བྱེད་མགོ་དངོས་སུ་ཚུགས་པ་དེས། བོད་ནང་ཆུ་ཤུགས་གློག་ཁང་གཞི་རྒྱ་ཆེན་པོ་བསྐྲུན་རྒྱུ་ཡིན་པའི་དུང་བརྡ་བཏང་བ་མ་ཟད། རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་བར་ལ་ཆུ་རྩོད་འཐབ་འཁྲུག་གི་གཡུལ་མགོ་ཡང་བསླངས་པ་རེད། ཅེས་དང་། ཡང་དེའི་ནང་། རྫམ་ཆུ་ཤུགས་གློག་ཁང་གི་གློག་རིན་གྱི་མ་གནས་ནི་སྟོང་ཝྭ་རེ་རེར་རྒྱ་སྒོར་ ༠.༣༨༤ གནས་ཀྱིན་ཡོད་པ་མ་ཟད། རྒྱ་ནག་གི་ས་ཁུལ་ཁག་གི་གློག་རིན་གྱི་མ་གནས་དང་བསྡུར་ན་རྒྱ་སྒོར་༠.༢༥ ཡི་མཐོ་བ་ཡོད་སྟབས། བོད་ལ་མཚོན་ན་དེ་ནི་འགྱེལ་པའི་ཐོག་རྡོག་བརྫིས་བཏང་བ་ཞིག་ཡིན་པ་མ་ཟད། དཔྱ་ཁྲལ་འཇལ་མཁན་རྒྱ་རིགས་མི་མང་ལ་མཚོན་ན་ཡང་དྲང་བདེན་ཞིག་ཡེ་ནས་མ་རེད། ཅེས་བྲིས་འདུག

རྩོམ་པ་པོ་མཱེ་གྷལ་བྷག་ལེ་(Michael Buckley) ལགས་ཀྱི་དེབ་ “བཞུར་བཞིན་པའི་བོད” (Meltdown in Tibet) ཅེས་པའི་ནང་། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་ཆེ་ཆུང་ཁག་ ༥ རྒྱག་མགོ་བཙུགས་ཡོད་པ་དང་། མ་འོངས་པར་གཙང་པོ་དེ་དང་དེའི་ཆུ་ཕྲན་ཁག་གི་ཐོག་ཆུ་རགས་ ༢༠ རྒྱག་རྒྱུའི་ཐག་གཅོད་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཆུ་བོའི་གྲོས་མཐུན་ལ་བརྩི་སྲུང་མ་བྱས་པར། རྨ་བྱ་ཁ་འབབ་དང་རྟ་མཆོག་ཁ་འབབ། སེང་གེ་ཁ་འབབ། གླང་ཆེན་ཁ་འབབ། རྨ་ཆུ་དང་འབྲི་ཆུ་སོགས་ཀྱི་གཙང་པོ་ཁ་བསྒྱུར་བ་དང་། དེ་ཚོའི་ཐོག་ཆུ་རགས་བརྒྱབ་པ་ཙམ་མ་ཟད། ཆུ་རགས་རྒྱག་མཁན་གྱི་ལས་མི་དག་རྒྱ་ནག་ནས་སྐད་བཏང་སྟེ་ཆུ་རགས་རྒྱག་བཞིན་བོད་ཀྱི་གཏེར་ཁ་སྔོག་འདོན་བྱས་ཏེ། རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེན་གཏོང་གི་ཡོད་པ་མ་ཟད། གལ་སྲིད་མ་འོངས་པར་ས་ཡོམ་བརྒྱབ་པ་སོགས་བྱུང་ཚེ། གཞིས་ལུས་བོད་མི་དང་རྒྱ་གར་གཙོས་ཨེ་ཤ་ཡའི་ཡུལ་གྲུ་ཁག་ལ་གནོད་སྐྱོན་ཐེབས་རྒྱུ་རེད། ཅེས་བྲིས་འདུག

དེ་རིང་རྒྱ་གར་གྱི་ཆུ་བེད་ལྷན་ཁང་གི་དྲུང་ཆེ་ཟུར་པ་ཨཱ་ཡར་ (Ramaswamy R Iyer) ལགས་ཀྱིས། ད་ལྟ་རྒྱ་གར་གཞུང་གིས་རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་ཆུ་རགས་གསར་རྒྱག་བྱེད་བཞིན་ཡོད་པར་དོ་སྣང་སྤྲད་ནས་སྔོན་འགོག་མ་བྱས་ཚེ། མ་འོངས་པར་རྒྱ་གར་གྱི་ས་ཁུལ་ཁག་ལ་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་གར་གྱི་ཐབས་བྱུས་མཁས་པ་བྷར་མཱ་ཅཱེ་ལཱ་ཎེ་ (Brahma Chellaney) ལགས་ཀྱིས། འདི་ནི་སྒེར་གཅོད་རིང་ལུགས་དང་དམངས་གཙོའི་རིང་ལུགས་བར་གྱི་མི་མཐུན་པའི་ཁྱད་ཆོས་ཤིག་ཡིན་པ་མ་ཟད། ད་ཐེངས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ཆུ་རགས་ཆེ་ཤོས་ཤར་གཏོང་བྱ་རྒྱུ་གསལ་བསྒྲགས་བྱས་པ་དེས། ཨཱ་རུ་ཎཱ་ཅཱལ་མངའ་སྡེའི་ནང་ཆུ་རགས་རྒྱག་བཞིན་ཡོད་པ་དག་ལ་ངོ་རྒོལ་བྱ་རྒྱུའི་ཚོར་སྣང་ཞིག་བསྐྲུན་པ་རེད། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་ཆེན་མོ་ལྔ་རྒྱག་བཞིན་པ་དག་ད་ལྟ་མཇུག་བསྒྲིལ་གྲབས་ཡོད་པ་མ་ཟད། རྒྱ་གར་ནང་རྒྱུ་བཞིན་པའི་བོད་ཀྱི་ཆུ་བོ་གཞན་ཁག་ལ་ཆུ་རགས་རྒྱག་བཞིན་ཡོད་པ་དེས། བོད་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཡག་པོ་ཆགས་མིན་གྱི་འགག་གནད་གཙོ་བོ་ཆགས་ཡོད་པ་ར་སྤྲོད་བྱས་པ་རེད། ཅེས་བརྗོད་འདུག

གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42190 བཀླགས་འདུག